བསྟན་འཛིན་མཁས་གྲུབ་འདས་པོའི་སྐུ་ཕུང་ཞུགས་འབུལ།
2012.06.26
༄༅༎ཉེ་སྔོན་ཕྱི་ཟླ་དྲུག་པའི་ཚེས་ ༢༠ ཉིན་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ཆེད་དུ་སོ་སོའི་སྐུ་ལུས་མེར་བསྲེགས་ནང་འདས་གྲོངས་སུ་ཕྱིན་པ་ བསྟན་འཛིན་མཁས་གྲུབ་ལགས་ཀྱི་སྐུ་ཕུང་ཞུགས་འབུལ་་དེ་རྒྱ་ནག་གི་དཔོན་རིགས་ཀྱི་བཙན་བཀའ་ལྟར་ ཕྱི་ཚེས་ ༢༣་ གྱི་ཐོ་རེངས་སུ་བྱེད་དུ་བཅུག་པའི་གནས་ཚུལ་ཤེས་རྟོགས་བྱུང་འདུག་། ཕྱི་ཟླ་དྲུག་པའི་ཚེས་ ༢༠་ ཉིན་བོད་ཀྱི་ཁམས་ག་པའི་ས་ཁུལ་གྱི་འཁྲི་འདུ་རྗོང་གི་རྫ་སྟོད་གྲོང་བརྡལ་ནང་ བསྟན་འཛིན་མཁས་གྲུབ་ལགས་དང་ ངག་དབང་ནོར་འཕེལ་ལགས་གཉིས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་ཆེད་་སོ་སོའི་སྐུ་ལུས་མེར་མཆོད་ནང་ བསྟན་འཛིན་མཁས་གྲུབ་ལགས་རྐྱེན་ལམ་དུ་ཕྱིན་ནས་ ཁོང་གི་སྐུ་ཕུང་ཟིལ་དཀར་དགོན་པའི་ནང་གདན་འདྲེན་ཞུས་ནས་ཞག་གསུམ་གྱི་རིང་དུ་འདས་ཆོས་གསོལ་འབེབས་སྨོན་ལམ་གནང་འདུག་། རྐྱེན་ལམ་མ་ཕྱིན་པར་རྨས་་སྐྱོན་ཚབས་ཆེ་ཕོག་པའི་ངག་དབང་སྨོན་ལམ་ལགས་དགེ་འདུན་པ་གཉིས་དང་ རྒྱ་ནག་གི་ཉེན་རྟོག་དམག་མིའི་བལྟ་སྲུང་འོག ཟིང་ལིང་གྲོང་ཁྱེར་དུ་ཡོད་པའི་རྒྱ་མིའི་དམག་གི་སྨན་ཁང་ཞིག་གི་ནང་སྨན་བཅོས་ཆེད་བཙན་འཁྲིད་བྱས་ཡོད་པ་རེད་འདུག་།
ཡུལ་ཤུལ་བོད་རིགས་ས་ཁུལ་གྱི་འཁྲི་འདུ་རྗོང་གི་་ཁྱབ་ཁུངས་སུ་གནས་པའི་ཟིལ་དཀར་དགོན་པའི་དགེ་འདུན་པ་རྣམས་དང་ ས་གནས་ཀྱི་མི་མང་རྣམས་ཀྱིས་བསྟན་འཛིན་མཁས་གྲུབ་ལགས་ཀྱི་སྐུ་ཕུང་ཞུགས་འབུལ་དེ་ཕྱི་ཚེས་ ༢༣་ ཉིན་གཞི་རྒྱ་ཆེན་པོའི་ཐོག་ནས་གནང་རྒྱུའི་འཆར་གཞི་བཀོད་ཡོད་ཀྱང་ ཕྱི་ཚེས་ ༢༢་ གྱི་མཚན་མོའི་ཆུ་ཚོད་ ༡༡་ ཙམ་གྱི་རྒྱ་མིའི་དཔོན་རིགས་ཚོས་ཞུགས་འབུལ་དེ་ཐོ་རེངས་ཀྱི་དུས་ཚོད་ནང་ཚར་བ་དགོས་པ་དང་ དེ་ཡང་དགེ་འདུན་ ༢༥་་མ་གཏོགས་མཉམ་ཞུགས་མི་ཆོག་པའི་དམ་བསྒྲཌ་བཙན་བཀའ་བཏང་འདུག་། འོན་ཀྱང་འབྲེལ་ཡོད་དགོན་པའི་འགན་འཁུར་དགེ་འདུན་པ་རྣམས་ཀྱིས་ནན་བསྐུལ་གནང་བའི་གྲུབ་འབྲས དགོན་པའི་དགེ་འདུན་པ་ཚང་མ་མཉམ་ཞུགས་གནང་ནས་ བསྟན་འཛིན་མཁས་གྲུབ་ཀྱི་སྐུ་ཕུང་ཞུགས་འབུལ་ཆ་ཚང་གནང་འདུག་༎ འོན་ཀྱང་དཔར་དང་ བརྙན་འཕྲིན་རིགས་རྒྱབ་མི་ཆོག་དང་ ས་གནས་ཀྱི་བོད་མི་གཞན་རྣམས་མཉམ་ཞུགས་བྱེད་དུ་བཅུག་མེད་པ་བཅས་ཀྱི་གནས་ཚུལ་བོད་ནས་གནས་ཚུལ་ཤེས་རྟོགས་བྱུང་འདུག་༎