མདོ་སྨད་རྔ་བ་ཁུལ་ཁྱུང་མཆུ་རྫོང་གི་སྦྲ་ཆེན་ཤང་དུ་ས་ཡོམ་ཚད་རིམ་ ༤་༩ ཅན་ཞིག་བརྒྱབ་འདུག

2025.01.20
མདོ་སྨད་རྔ་བ་ཁུལ་ཁྱུང་མཆུ་རྫོང་གི་སྦྲ་ཆེན་ཤང་དུ་ས་ཡོམ་ཚད་རིམ་ ༤་༩ ཅན་ཞིག་བརྒྱབ་འདུག ཁྱུང་མཆུ་རྫོང་དང་ཁུལ་དེར་ས་ཡོམ་གྱིས་སྐྱོན་ཆག་ཅུང་ཟད་ཤོར་བའི་པར། ༢༠༢༥།༠༡།༢༠ ཉིན།
མི་སེར་གྱི་འདྲ་པར།

བོད་ནང་ཟླ་ ༡ ཚེས་ ༢༠ ཉིན་གྱི་ཞོགས་པ་སྔ་མོ་ཆུ་ཚོད་༥དང་སྐར་མ་༧ཙམ་གྱི་སྟེང་། རྒྱ་ནག་སི་ཁྲོན་ཞིང་ཆེན་གྱི་མངའ་ཁོངས་སུ་ཆ་བགོས་བྱས་པ་མདོ་སྨད་རྔ་བ་བོད་རིགས་རང་སྐྱོང་ས་ཁུལ་གྱི་ཁྱུང་མཆུ་རྫོང་གི་སྦྲ་ཆེན་ཤང་གཙོས་པའི་ཁྱུང་ཆུ་རྫོང་ཁོངས་སུ། རྒྱ་ནག་གཞུང་འབྲེལ་གྱི་སི་ཁྲོན་ཞིང་ཆེན་ས་ཡོམ་བརྟག་དཔྱད་ལྟེ་གནས་ཁང་གི་གསལ་བསྒྲགས་གཞིར་བཟུང་ན། ས་ཡོམ་ཤུགས་ཚད་རིམ་པ་༤་༩ དང་ས་གནས་བོད་མིའི་ཁྱིམ་དུ་བཞག་པའི་ས་ཡོམ་བརྟག་དཔྱད་ཀྱི་སྟབས་བདེའི་འཕྲུལ་ཆས་ལྟར་ན། ཤུགས་ཚད་རིམ་པ་༥་༠ཅན་ཞིག་བརྒྱབ་ཡོད་ཅིང་། ས་ཡོམ་དེ་དང་ཆ་འདྲ་བ་ཁྱུང་མཆུ་རྫོང་གི་ཉེ་འཁོར་གྱི་མཛོད་དགེ་རྫོང་དང་ཟུང་ཆུ་རྫོང་། རྔ་བ་རྫོང་དང་ཀན་ལྷོ་བོད་རིགས་རང་སྐྱོང་ས་ཁུལ་གྱི་རྨ་ཆུ་རྫོང་བཅས་སུའང་བརྒྱབ་འདུག་མོད། ས་གནས་དེ་ཁུལ་ནི་ཕལ་ཆེ་བ་བོད་ཀྱི་འབྲོག་ས་རྐྱང་རྐྱང་ཡིན་པ་དང་། ཁང་བརྩེགས་མཐོན་པོ་མེད་པ། རི་གཟར་དང་འགག་འཕྲང་དོག་པོའི་ས་གཤིས་མེད་པ་སོགས་ལ་བརྟེན་ནས། ད་ལྟའི་ཆར་ས་གནས་བོད་མི་ཚོར་རྨས་སྐྱོན་ཕོག་པ་དང་ཕྱུགས་ཟོག་ཤི་རྨས་བཅས་ཀྱི་གནས་ཚུལ་མེད་ནའང་། ཁང་པ་ཕལ་ཆེ་བར་གས་སྲུབས་བཏོད་ཤོར་བ་དང་། ལྷག་པར་བོད་ནང་ཉེ་ཆར་ནས་ས་ཡོམ་ཆེ་ཆུང་ཐེངས་མང་བྱུང་བར་བརྟེན། བོད་མི་ཚོས་འཇིགས་སྣང་ཆེན་པོ་གནང་གི་ཡོད་པ་བཅས་བོད་ནང་གི་ས་གནས་བོད་མི་ཞིག་གིས་འགྲེལ་བརྗོད་གནང་གི་འདུག

བཙན་བྱོལ་དུ་གནས་སྡོད་ཁྱུང་མཆུ་རྫོང་ཁོངས་ཀྱི་བོད་མི་ཞིག་གིས་ཞོགས་པ་སྔ་མོ་ས་ཡོམ་གྱི་གནས་ཚུལ་ཐོས་མ་ཐག སེམས་ནང་དངངས་སྐྲག་ཆེན་པོ་དང་བཅས་ཏེ་འཕྲལ་མར་ཕ་ཡུལ་དུ་འབྲེལ་མཐུད་ཀྱིས་རྒྱུས་ལོན་བྱས་པ་གཞིར་བཟུང་ན། ད་ལྟའི་གནས་སྐབས་སུ་མི་ཤི་རྐྱེན་ཆག་དང་ཕྱུགས་རིགས་དཀར་གནག་ལ་གོད་ཆག་གི་རིགས་བཅས་གང་ཡང་མཐོང་ཐོས་མི་འདུག་ཅེས་འགྲེལ་བརྗོད་གནང་གི་འདུག

རྒྱ་ནག་གཞུང་གི་སི་ཁྲོན་ཞིང་ཆེན་ས་ཡོམ་བརྟག་དཔྱད་ལྟེ་གནས་ཁང་གིས་བཏོན་པའི་གནས་ཚུལ་གསར་ཤོས་གཞིར་བཟུང་ན། དེ་རིང་གི་ས་ཡོམ་འདི་ནི་གཙོ་ཆེ་ཤོས་རྔ་བ་ཁུལ་ཁྱུང་མཆུ་རྫོང་གི་སྦྲ་ཆེན་ཤང་དུ་ཐེབས་ཡོད་པར་བསྒྲགས་ཡོད་ཅིང་། ཨ་མི་རི་ཀའི་ (USGS) ས་ཡོམ་རིག་པའི་ཞིབ་འཇུག་ལས་ཁུངས་ཀྱིས་ས་ཡོམ་འདི་ནི་ཤུགས་ཚད་རིམ་པ་ ༤་༧ ཡིན་པ་དང་། ས་ངོས་ནས་གཏིང་རིམ་སྤྱི་ལེ་ ༡༧་༩ ཡིན་པ་གསལ་སྟོན་གནང་ཡོད་པ་རེད།

གསར་འགོད་པ། བློ་བྷེ།

རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
སྤྱི་ནོར་༧གོང་ས་མཆོག་འདི་ཚེས་༢༢ཉིན་ཕྱིར་བཞུགས་སྒར་རྡ་རམ་ས་ལར་ཆིབས་བསྒྱུར་མཛད་ཀྱི་ཡོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཨ་རི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ནས་ཕྱིར་འཐེན་བྱས་པར་བློ་ཕམ་ཡོད་པའི་གསལ་བསྒྲགས་སྤེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎