༧གོང་ས་མཆོག་གི་མཛད་རྣམ་སྐོར་གྱི་གློག་བརྙན་གཟིགས་འབུལ།
2012.02.02
༄༅༎ཨ་རིའི་ཡུ་ཀྲའ་མངའ་སྡེའི་མཐོ་རིམ་གཙུག་ལག་སློབ་གྲ་ཆེན་མོས་སྐུ་མདུན་(Kundun)ཞེས་བོད་མིའི་དབུ་འཁྲིད་༧སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཛད་རྣམ་ཀྱི་གློག་བརྙན་གཟིགས་འབུལ་ཞུ་རྒྱུ་ཡིན་པའི་གནས་ཚུལ་ཐོན་འདུག་༎
Salt Lake Tribuneཞེས་ཨ་རིའི་ཡུ་ཀྲའ་མངའ་སྡེའི་གསར་ཤོག་གི་གནས་ཚུལ་བཀོད་དོན་ལྟར་ན་ གྲོང་ཁྱེར་སོལཏ་ལེཀ་ནང་ཆགས་པའི་མངའ་སྡེའི་གཙུག་ལག་སློབ་གྲའི་ཨེན་ཐོརོ་པོ་ལོ་ཇི་སྡེ་ཚན་གྱིས་ཚེས་༢རེས་གཟའ་ལྷག་པ་ནས་བཟུང་ ཚེས་༢༩བར་ཨ་རིའི་ནང་སྙན་གྲགས་ཅན་གྱི་གློག་བརྙན་བཟོ་བསྐྲུན་གནང་མཁན་སྐུ་ཞབས་མའར་ཀྲིན་སི་ཀོར་སེ་ཡིས་འཁྲབ་བསྒྲིགས་གནང་པའི་དངོས་བྱུང་གི་ལོ་རྒྱུས་ལ་གཞི་བཞག་པའི་གློག་བརྙན་ཁག་ཅིག་འདེམས་སྒྲུག་གིས་གཟིགས་འབུལ་ཞུ་ཡི་ཡོད་པ་རེད་ དེ་རིང་གློག་བརྙན་གྱི་གཟིགས་འབུལ་དབུ་དབྱེད་ནང་ སྐུ་ཞབས་སི་ཀོར་སེ་ཡིས་བཟོ་བསྐྲུན་གནང་པའི་སྐུ་མདུན་ཞེས་བོད་མིའི་དབུ་འཁྲིད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེའི་ལོ་རྒྱུས་ལས་མཛད་པའི་གློག་བརྙན་དེ་གཟིགས་འབུལ་ཞུ་ཡི་འདུག སྐུ་མདུན་ཞེས་པའི་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཛད་རྣམ་གྱི་གློག་བརྙན་དེ་བཞིན་༡༩༩༧ལོར་བཟོ་བསྐྲུན་གནང་པ་ཞིག་དང་ གློག་བརྙན་དེའི་ཐོག་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཐོག་མར་སྐུ་ན་ཆུང་དུས་ངོས་འཛིན་ཇི་ལྟར་ཞུས་པ་དང་ དེ་ནས་གསེར་ཁྲི་མངའ་སྲོལ་ དེ་རྗེས་རྒྱ་ནག་གིས་བོད་ཐོག་བཙན་འཛུལ་བྱས་པའི་ལོ་རྒྱུས་དང་ རིམ་བཞིན་༧གོང་ས་མཆོག་བཙན་བྱོལ་དུ་ཕེབས་པ་སོགས་༧གོང་ས་མཆོག་གི་མཛད་རྣམ་ཕྱོགས་བསྒྲིགས་གསལ་ཡོད་པ་རེད་