ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གིས་བལ་ཡུལ་དུ་ཆོས་འབྲེལ་གནང་བཞིན་འདུག

2024.02.21
ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གིས་བལ་ཡུལ་དུ་ཆོས་འབྲེལ་གནང་བཞིན་འདུག ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་བལ་ཡུལ་གྱི་དགེ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་ཚོགས་མགོན་དུ་བཞུགས་ནས་ཆོས་ཕྱོགས་ཀྱི་མཛད་འཕྲིན་སྐྱོང་བཞིན་པ། ༠༢།༢༡།༢༠༢༤
Facebook /Ling Rinpoche

དེ་ཡང་བལ་ཡུལ་དགེ་ལྡན་ཆོ་འཕྲུལ་སྨོན་ལམ་ཚོགས་པས་གདན་ཞུའི་གསོལ་འདེབས་ཞུས་དོན་བཞིན། ཉེ་ལམ་༧སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་བལ་ཡུལ་དུ་དངོས་སུ་ཞབས་སོར་འཁོད་དེ། འདི་ཚེས་༢༡ཉིན་ཏེ། བོད་ཤིང་འབྲུག་ལོའི་ལོ་སར་ཚེས་༡༢ ཉིན་བལ་ཡུལ་ཀོ་པན་འོག་མིན་བྱང་ཆུབ་ཆོས་གླིང་དགོན་དུ་དབུ་འཛུགས་གནང་བའི་བལ་ཡུལ་དགེ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོ་སྐབས་སོ་གཉིས་པའི་ཚོགས་མགོན་དུ་ཆིབས་བསྒྱུར་གྱིས། བལ་ཡུལ་དགེ་ལུགས་རྒྱུགས་སྤྲོད་ཆེན་མོའི་སློབ་གཉེར་མཐར་སོན་པ་རྣམས་ལ་ཕྱག་འཁྱེར་གནང་འདུག་ཅིང་། བལ་ཡུལ་དགེ་ལྡན་ཆོ་འཕྲུལ་སྨོན་ལམ་ཚོགས་པའི་ཚོགས་གཙོ་ཨཅྰརྱ་བསྟན་འཛིན་ལགས་ཀྱིས་ཞལ་པར་བརྒྱུད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ད་ལན་བལ་ཡུལ་དུ་ཆིབས་བསྒྱུར་གནང་བ་ཐེངས་གཉིས་པ་དེ་ཡིན་པ་དང་། བོད་ཟླ་དང་པོའི་ཚེས་༢༠་ཉིན་བལ་ཡུལ་ཁུལ་གྱི་དད་ལྡན་སེར་སྐྱ་མི་མང་ཡོངས་ལ་རྒྱལ་བ་ཚེ་དཔག་མེད་ཀྱི་ཚེ་དབང་གནང་རྒྱུ་སོགས་ཆོས་ཕྱོགས་ཀྱི་མཛད་འཕྲིན་མང་དག་ཅིག་སྐྱོང་གཏན་འཁེལ་ཡོད་པ་འགྲེལ་བརྗོད་གནང་བྱུང་།

Ling Rinpoche Nepal (2).jpg
ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་སྤྱི་ཟླ་༢བའི་ཚེས་༡༨ཉིན་བལ་ཡུལ་རྒྱལ་སའི་རྒྱལ་སྤྱིའི་གནམ་ཐང་དུ་ཞབས་སོར་འཁོད་པའི་སྐབས། བལ་གཞུང་དགོན་པ་ཡར་རྒྱས་ཚོགས་པའི་ཚོགས་གཙོ་དང་། བལ་ཡུལ་དགེ་ལྡན་ལྷན་ཚོགས། སྐྱིད་གྲོང་བསམ་གཏན་གླིང་། ཀོ་པན་འོག་མིན་བྱང་ཆུབ་ཆོས་གླིང་དགོན། དགའ་ལྡན་བྱམས་མགོན་གླིང་། རོང་ཤར་ཆུ་དབར་དགའ་ལྡན་འགྲོ་ཕན་གླིང་སོགས་དགོན་པ་ཁག་དང་། བལ་ཡུལ་ལྷ་ལྡན་སྨོན་ལམ་ཆེན་མོའི་ཚོགས་གཙོ་དང་ཚོགས་གཞོན། དེ་བཞིན་དགོན་པ་ཁག་གི་མཁན་རིན་པོ་ཆེ་དང་། ཕྱག་མཛོད། དགེ་འདུན་པ་དང་མི་དམངས་བཅས་ནས་ཕེབས་བསུའི་སྣེ་ལེན་ཞུས་འདུག
གཞི་རྩའི་ཆ་ནས་བལ་ཡུལ་ནང་དུ་རྒྱ་ནག་གི་གནོན་ཤུགས་ཆེན་པོ་ཡོད་པའི་ཁར། ཁུལ་དེར་བོད་ཀྱི་བླ་ཆེན་རྣམ་པ་ཚུད་པའི་བོད་མིའི་སྒྲིག་འཛུགས་ཀྱི་འགོ་ཁྲིད་དང་གནད་ཡོད་མི་སྣ་ཕེབས་རྒྱུར་བལ་གཞུང་གིས་བཀག་འགོག་བྱེད་མུས་ཡིན་ཞིང་། བལ་ཡུལ་དགེ་ལྡན་ཆོ་འཕྲུལ་སྨོན་ལམ་ཚོགས་པའི་ཚོགས་གཙོ་ཨཅྰརྱ་བསྟན་འཛིན་ལགས་ཀྱིས། བལ་ཡུལ་གཞུང་ལ་ཞུ་སྙན་རིམ་པ་ཕུལ་བའི་རྗེས་འབྲས་སུ། ད་ལན་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ཁུལ་དེར་གདན་ཞུ་གནང་ཐུབ་པ་བྱུང་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་།


གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་ཕྱིའི་རོགས་དངུལ་ཡོང་ཕྱིར་ཅུང་ངང་སྲིང་དགོས་པ་གནས་ཆུང་ཆོས་རྒྱལ་ནས་བཀའ་ལུང་ཕེབས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བསྒྲུབ་བྱ་ ༥༡ ལ་དགེ་སློང་གི་སྡོམ་པ་སྩལ་བ་དང་སྦྲགས། རྗེས་འཇུག་སློབ་མ་རྣམས་ནས་སྡོམ་ཁྲིམས་ཚུལ་བཞིན་སྲུང་དགོས་པའི་བཀའ་ཕེབས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎