སོག་མཁར་བློ་གྲོས་རྒྱ་མཚོ་ལགས་ལ་སླར་ཡང་ལོ་༡༨་ཀྱི་ཁྲིམས་ཐག་བཅད་འདུག


2019.03.15
སོག་མཁར་བློ་གྲོས་རྒྱ་མཚོ་ལགས་ཀྱི་ཉེ་པར། སོག་མཁར་བློ་གྲོས་རྒྱ་མཚོ་ལགས་ཀྱི་ཉེ་པར།
བོད་འབྱོར།

ལྷ་སའི་པོ་ཏ་ལའི་མདུན་ཐང་དུ་སྔ་ལོར་ངོ་རྒོལ་གནང་མཁན་སོག་མཁར་བློ་གྲོས་རྒྱ་མཚོ་ལགས་ལ་སླར་ཡང་ལོ་༡༨་དང་ཁོང་གི་བཟའ་ཟླ་དགའ་སྐྱིད་ལགས་ལ་ལོ་༢་ཀྱི་ཁྲིམས་ཆད་བཀེལ་འདུག
ཕྱི་ལོ་ ༢༠༡༨  ཟླ་ ༡ ཚེས་ ༢༨ ཉིན་ནག་ཆུ་སོག་རྫོང་གི་སོག་མཁར་བློ་གྲོས་རྒྱ་མཚོ་ལགས་ཀྱིས་བོད་ཀྱི་རྒྱལ་ས་ལྷ་སའི་ཕོ་བྲང་པོ་ཏ་ལའི་མདུན་དུ་ཞི་རྒོལ་སྐད་འབོད་དང་།  
འཛམ་གླིང་ཞི་བདེའི་ཆེད་ལས་འགུལ་སྤེལ་རྒྱུའི་བསྒྲགས་གཏམ་གྱི་བརྙན་ཐུང་བཟོས་པའི་རྗེས་གར་སོང་ཆ་མེད་གྱུར་ཞིང་། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་པདྨ་རྒྱལ་ལགས་ཀྱིས་སོག་མཁར་བློ་གྲོས་རྒྱ་མཚོ་ལགས་ལ་ཕྱི་ལོ་ ༢༠༡༨ ལོའི་ནང་སླར་ཡང་ལོ་ ༡༨ ཁོང་གི་བཟའ་ཟླ་དགའ་སྐྱིད་ལགས་ལ་བརྙན་ཐུང་དེ་པར་ལེན་བྱེད་པའི་ཉེས་མིང་འོག་ལོ་གཉིས་ཀྱི་བཙོན་འཇུག་ཁྲིམས་ཆད་བཏང་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ལ་གསུངས་ཡོད་པ་རེད།
པདྨ་རྒྱལ་ལགས་ཀྱིས་གསུངས་པར་གཞིགས་ན། སོག་མཁར་བློ་གྲོས་རྒྱ་མཚོ་ལགས་བཟའ་མི་གཉིས་ལ་གསང་བའི་སྒོ་ནས་ཁྲིམས་ཐག་བཅད་ཡོད་པར་བརྟེན་ཁྲིམས་རྩོད་པ་སོགས་གླ་རྒྱུ་ལྟ་ཅི། ཁྲིམས་ཐག་བཅད་སྐབས་ཁོང་གཉིས་ཀྱི་ནང་མི་སྤུན་ཉེ་དང་ཡུལ་འཚོའི་མང་ཚོགས་སོགས་སུ་ཞིག་ཀྱང་མེད་པ་རེད་འདུག
སོག་མཁར་བློ་གྲོས་རྒྱ་མཚོ་ལགས་ཀྱིས་ཕྱི་ལོ་ ༢༠༡༨ ཕྱི་ཟླ་ ༡ ཚེས་ ༢༨ ཉིན་ཕོ་བྲང་པོ་ཏཱ་ལར་ཞབས་བསྐོར་ཚར་གཅིག་ཕུལ་རྗེས་ཞི་བའི་སྐད་འབོད་གནང་ཞིང་། སྐབས་དེར་གནས་ཚུལ་དངོས་སུ་མཐོང་མཁན་གྱི་མི་ཚོས་ཁོང་རྒྱ་མིའི་ཉེན་རྟོག་པས་འཇུ་བཟུང་བྱས་པ་དངོས་སུ་མཐོང་ཡོད་པ་རེད།  རིང་པོར་མ་སོང་བའི་རྗེས་ཁོང་གིས་ཞི་བདེའི་དོན་དུ་ལས་དོན་མུ་འཐུད་སྤེལ་རྒྱུ་ཡིན་པ་དང་། ༧ོགང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནི་ཞི་བདེའི་མཚོན་དོན་ཞིག་ཡིན་པ་སོགས་བརྗོད་པའི་བརྙན་ཐུང་དེ་ཐོན་ཞིང་། སྔ་ལོ་ལོ་ངོ་ ༡༨ ཀྱི་བཙོན་འཇུག་ཁྲིམས་བཅད་དེ་ཡང་བརྙན་ཐུང་དེ་བཟོས་པའི་ཡིན་པར་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་ཡིད་ཆེས་བྱེད་བཞིན་ཡོད་པ་རེད།
ད་ལྟ་ཡང་ཁོང་དང་ཁོང་གི་བཟའ་ཟླ་བཙོན་ཁང་གང་དུ་ཡོད་མེད་སོགས་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་མེད་ཅིང་། ཁོང་གི་སྐོར་ཕྱི་ཕྱོགས་ལ་གནས་ཚུལ་སྤྲོད་རྒྱུར་ས་གནས་ཀྱི་ཡུལ་མི་དང་ཁོང་གི་ནང་མི་སྤུན་ཉེ་ཚོས་ཧ་ཅང་གི་ཞེད་སྣང་ཆེན་པོ་བྱེད་བཞིན་ཡོད་འདུག
སོག་མཁར་བློ་གྲོས་རྒྱ་མཚོ་ལགས་ནི་དེ་སྔོན་ཡང་རྒྱ་ནག་གི་བཙོན་ཁང་ནང་ལོ་ངོ་བདུན་ཙམ་ཚུད་མྱོང་ཡོད་ཅིང་། དེ་ཡང་ཁོང་ལ་་ཕྱི་ལོ་ ༡༩༩༣ ལོའི་ཟླ་ ༡ ཚེས་༡༧ ཉིན་མི་བསད་པའི་ཉེས་མིང་འོག་ནག་ཆུ་འབྲིང་རིམ་ཁྲིམས་ཁང་ཟེར་བས་ལོ་ ༡༥ ཡི་ཁྲིམས་ཐག་བཅད་དེ་གྲྭ་བཞི་བཙོན་ཁང་དུ་བཅུག་པ་དང་། དེ་ནས་ཕྱི་ལོ་ ༡༩༩༥ ལོར་ལྷ་སར་གྲ་བཞིའི་བཙོན་ཁང་དུ་རྒྱལ་བ་ཡིད་བཞིན་ནོར་བུ་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག་ཟེར་བའི་ཡིག་ཆ་བཀྲམ་པ་དང་འབོད་ཚིག་སྒྲོགས་པའི་ཉེས་ཆད་དུ་ཉིན་གསུམ་ནས་སྲོག་ཁྲིམས་གཅོད་རྒྱུ་ཐག་གཅོད་བྱས་ཡོད་འདུག་ཀྱང་། མཉམ་སྦྲེལ་རྒྱལ་ཚོགས་ཀྱི་དམིགས་གསལ་ལྟ་རྟོགས་ཚོགས་པའི་འགན་འཛིན་དང་རྒྱལ་སྤྱིའི་ཉེས་ཡང་ཚོགས་པ་བཅས་ཀྱིས་གནོན་ཤུགས་ལས་སྲོག་ཁྲིམས་ལོ་དྲུག་ལ་ནར་འགྱང་བྱས་ཏེ་ཆབ་སྲིད་ཐོབ་ཐང་ལོ་གསུམ་འཕྲོག་པ་དང་། གློད་དཀྲོལ་ཐོབ་རྗེས་སུ་བཟང་བཙོན་ཞེས་པའི་མིང་བྱང་འོག་ལོ་བཞི་བསྡད་དགོས་བྱུང་འདུག
བློ་གྲོས་རྒྱ་མཚོའམ་སོག་མཁར་བློ་གྲོས་ལགས་ནི། བོད་ལྗོངས་ནག་ཆུ་ས་ཁུལ་སོག་རྫོང་ཚ་དབྲོག་ཡུལ་ཚོའི་སོག་མཁར་གྲོང་སྡེ་ནས་ཡིན་ཞིང་། ད་ལྟ་དགུང་ལོ་ ༥༨ ལ་སོན་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
སྤྱི་ནོར་༧གོང་ས་མཆོག་འདི་ཚེས་༢༢ཉིན་ཕྱིར་བཞུགས་སྒར་རྡ་རམ་ས་ལར་ཆིབས་བསྒྱུར་མཛད་ཀྱི་ཡོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ཀར་ཎ་ཀྲ་ཀ་མངའ་སྡེའི་རྫོང་ཁག་གི་བློན་ཆེན་ལ་རྒྱ་གར་དབུས་སའི་གཞུང་ནས་བོད་མིར་རྒྱབ་སྐྱོར་མཐུན་གྲོགས་གནང་བར་ཐུགས་རྗེ་ཆེ་ཞེས་བཀའ་སྩལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎