༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བསྟན་པ་དང་འགྲོ་བའི་མགོན་དུ་དགུང་ལོ་བརྒྱ་སྐོར་བཞུགས་རྒྱུ་ཞལ་བཞེས་ཐོབ་པ།
2019.07.05
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གཞུང་ཞབས་ཟུར་པ་ཚོས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་ཕྱི་ཟླ་ ༧ ཚེས་༥ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་བཙུག་ལག་ཁང་དུ་ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་སྐབས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གཞུང་ཞབས་ཟུར་པ་ཚོས་བོད་ཆགས་འཇིགས་ཀྱི་གཉན་ཕྲང་ཆེ་བའི་དུས་ཚོད་འདིར་དཀའ་ལས་རྒྱབ་པར་བསྔགས་བརྗོད་མཛད་པ་དང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དབུ་ཁྲིད་འོག་དབུ་འོག་དཔུང་འདེགས་ཀྱི་ཞབས་ཕྱི་ཧུར་ཐག་ཞུས་པ་དེས་ཚེ་རབས་ནས་ཚེ་རབས་འཕགས་པ་སྤྱན་རས་གཟིགས་ཀྱི་རྗེས་སུ་བཟུང་རྒྱུ་ཡིན་པ་ནི་ཐེ་ཚོམ་མི་དགོས་པ་ཡིན་པས་ཚང་མས་བློ་བདེ་པོ་བྱེད་ཆོག་པ་བཀའ་གནང་འདུག
ད་དུང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ད་དུང་ཡང་མི་ཚེ་ལྷག་མ་དེའི་རིང་འཕགས་མཆོག་སྤྱན་རས་གཟིགས་ཀྱི་དགོངས་དོན་བྱམས་སྙིང་རྗེ་སྤེལ་ཐབས་ཐད་མུ་འཐུད་འབད་བརྩོན་གྱིས་འཆི་ཁར་འགྱོད་པ་མེད་པ་ཞིག་བྱེད་དགོས་པའི་བཀའ་སློབ་ཕེབས་ཡོད་པ་རེད།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བསྟན་པ་འགྲོ་བའི་དོན་དུ་དགུང་ལོ་བརྒྱ་སྐོར་བཞུགས་རྒྱུའི་ཐུགས་སྨོན་པ་དང་འདུན་པ་གནང་གི་ཡོད་པ་བཀའ་གནང་ཞིང་། བརྟན་བཞུགས་སུ་བཅར་མཁན་གཞུང་ཞབས་བགྲེས་ཟུར་རྣམ་པས་འདས་པའི་ལོ་མང་རིང་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་གྱི་མངའ་འོག་ཞབས་ཞུ་མྱོང་བའི་སྲིད་ཞུ་བ་མང་པོ་ཞིག་མཉམ་རུབ་ཐོག་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུའི་གོ་སྐབས་སྐལ་བཟང་ཐོབ་པར་དགའ་ཚོར་ཆེན་པོ་གནང་ཡོད་པ་རེད།
བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བཞུང་ཞབས་ཟུར་པའི་བརྟན་བཞུགས་འབུལ་མཁན་ཁོངས་སུ་དེ་སྔ་ཕྱི་ལོ་༡༩༥༩ གོང་བོད་གཞུང་དགའ་ལྡན་ཕོ་བྲང་གི་གཞུང་ཞབས་ཁག་ཅིག་དང་དེ་རྗེས་བཙན་བྱོལ་དུ་འབྱོར་ནས་གཞུང་ཞབས་འདེམས་བསྐོ་ལྷན་ཁང་མ་ཚུགས་བར་གྱི་གཞུང་ཞབས་ཁག་ཅིག དེ་ནས་གཞུང་ཞབས་འདེམས་བསྐོ་ལྷན་ཁང་བཙུགས་པ་ནས་བསྐོ་བཞག་བྱས་པའི་གཞུང་ཞབས་བཅས་སྡེ་ཚན་མི་འདྲ་བ་གསུམ་ནས་ཁྱོན་གཞུང་ཞབས་གྲངས་༢༦༠ དང་འབྲེལ་ཡོད་ནང་མི་སུམ་བརྒྱ་བཅས་ཁྱོན་མི་གྲངས་ལྔ་བརྒྱ་བརྒལ་བ་རྒྱ་གར་དང་བལ་ཡུལ།
ཨ་རི།ཐེ་ཝན།ཉི་ཧོང་།ཨིན་ལེཊ།སུ་རྫར་ལེནཊི་།ཨོ་སི་ཀྲལི་ཡ། ཁེ་ཎ་ཌ། སྦེལ་འཇམ། ཧྥརནསྀ་བཅས་རྒྱལ་ཁབ་བཅིུག་ནས་ཕེབས་ཡོད་པ་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་དྲུང་ཟུར་འཇིགས་མེད་འབྱུང་གནས་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་ཡོད་པ་རེད།།