ལོ་རྒྱུས་ཐོག་བོད་རང་བཙན་ཡིན་པར་ཨ་རིའི་གྲོས་ཚོགས་སོགས་ནས་ངོས་འཛིན་ཡོང་བར་འབད་བརྩོན་བསྟེན་དགོས། སྲིད་སྐྱོང་སྤེན་པ་ཚེ་རིང་གིས།

2023.09.16
ལོ་རྒྱུས་ཐོག་བོད་རང་བཙན་ཡིན་པར་ཨ་རིའི་གྲོས་ཚོགས་སོགས་ནས་ངོས་འཛིན་ཡོང་བར་འབད་བརྩོན་བསྟེན་དགོས། སྲིད་སྐྱོང་སྤེན་པ་ཚེ་རིང་གིས། དབུ་མའི་ལམ་མི་མང་ལས་འགུལ་ཁང་དབུ་བརྙེས་ནས་ལོ་ངོ་ཧྲིལ་བོ་༡༥འཁོར་བའི་དུས་དྲན་ཞིག།།བོད་ཀྱི་ཟློས་གར་ཚོགས་ཁང་དུ་སྲུང་བརྩི་གནང་ཡོད། ༡༦།༠༩།༢༠༢༣
Photo: RFA

བཞུགས་སྒར་དུ་རྟེན་གཞི་ཆགས་པ་དབུ་མའི་ལམ་མི་མང་ལས་འགུལ་ཁང་དབུ་བརྙེས་ནས་ལོ་ངོ་ཧྲིལ་བོ་༡༥འཁོར་བའི་དུས་དྲན་ཞིག། སྤྱི་ཟླ་༩པའི་ཚེས་༡༦ཉིན་བོད་ཀྱི་ཟློས་གར་ཚོགས་ཁང་དུ་སྲུང་བརྩི་གནང་ཡོད་ཅིང་། སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས། “དབུ་མའི་ལམ་ལ་རིན་ཐང་དང་ཆེ་མཐོང་ཡོང་བའི་ཆེད། ལོ་རྒྱུས་ཐོག་བོད་རང་བཙན་ཡིན་པ་དང་། བོད་རྒྱའི་དཀའ་རྙོག་སེལ་མེད་པར་ལྷག་ཡོད་པར་ཨ་མི་རིའི་གྲོས་ཚོགས་ནས་ངོས་འཛིན་ཡོང་ཐུབ་པའི་ལམ་ཁ་ཞིག་ཡོད་པ་བཞིན། དེ་ང་ཚོས་རྒྱལ་ཁབ་གཞན་མང་པོར་ཡང་འབད་བརྩོན་གང་ཐུབ་བསྟེན་དགོས་པ་ཆགས་ཡོད་”ཅེས་གསལ་སྟོན་གནང་གི་འདུག

ཡང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ནས་ཀྱང་། དབུ་མའི་ལམ་ནི་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་སྲིད་ཇུས་ཡིན་པ་དང་། དེའི་སྒྲོམ་གཞི་ནི་ད་ལྟའི་རྒྱ་ནག་གི་དབང་བསྒྱུར་དང་བོད་ཆ་བགོས་ཀྱི་གནས་བབ་ང་ཚོས་ཁས་ལེན་གནང་གི་མེད་པ་རེད། ཡིན་ནའང་བོད་ཀྱི་དངོས་ཡོད་གནས་བབ་ལོ་རྒྱུས་ཀྱི་ཐོག་ནས་རང་བཙན་ཡིན་པ་ད་ལྟའི་ཆར་རྩོད་ལེན་བྱེད་ཀྱི་མེད་པར། མཐའ་གཉིས་སུ་མ་ལྷུང་བར་འགྲིག་ཐབས་ཡོང་བའི་སྲིད་ཇུས་ཤིག་ཆགས་ཡོད་ཅིང་། ང་ཚོའི་དམིགས་ཡུལ་གཙོ་བོ་རྒྱ་ནག་གཞུང་དང་བཀའ་མོལ་ཞི་འགྲིག་ཡོང་ཐུབ་རྒྱུ་ཆགས་ཡོད་པས། དེ་ཡོང་ཐབས་སུ་ཅི་དགོས་བོད་མིའི་སྒྲིག་འཛུགས་ཀྱིས་གནང་བསྡད་ཡོད་པ་བཞིན། མ་འོངས་དབུ་མའི་ལམ་ལས་འགུལ་ཁང་གིས་ཀྱང་རྣམ་དཔྱོད་བཏོན་ནས་ཕྱག་ལས་ཐུབ་ན་ཐུགས་ཕན་སོས་ཀྱི་རེད་ཅེས་གསལ་སྟོན་གནང་གི་འདུག

དེ་བཞིན་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་ནས། དབུ་མའི་ལམ་གྱི་སྲིད་ཇུས་དེ་འདས་པའི་ལོ་སུམ་ཅུ་ལྷག་ནས་ད་ལྟའི་བར་དང་། མ་འོངས་པར་ཡང་རྒྱལ་སྤྱི་དང་རྒྱ་ནག་གཉིས་ཀར་འགྱུར་འགྲོས་ཆེན་པོ་ཞིག་མ་ཕྱིན་བར་དུ། བོད་དོན་བདེན་མཐའ་སེལ་བའི་ཐབས་ལམ་གཉིས་པ་མེད་པ་དེ་ཡིན་པས། འདིའི་ཐོག་ཆབ་སྲིད་དབང་འཛིན་དང་འཛིན་སྐྱོང་གི་ལས་སྣེ་བ་ཙམ་ལ་འགན་མ་བཀལ་བར། གཞི་རིམ་མང་ཚོགས་ཀྱི་ནང་རང་འགུལ་གྱིས་དང་བླང་ལས་འགུལ་རྒྱུན་མཐུད་ནས་དགོས་པ་དེ་མེད་དུ་མི་རུང་བ་རེད་ཅེས་ལམ་སྟོན་གནང་གི་འདུག

དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་ཚོགས་གཙོ་དགེ་བཤེས་བློ་བཟང་ཆོས་འཕེལ་ལགས་ནས། སྤྱིར་བཏང་མང་གཙོའི་བརྒྱུད་རིམ་ནང་མི་མང་གིས་ཐག་གཅོད་ཀྱི་ལམ་ལུགས་དང་སྲིད་ཇུས་དེ་གལ་ཆེན་པོ་ཡིན་པར་བརྟེན། སྲིད་ཇུས་དེ་གཞོན་སྐྱེས་མང་ཚོར་གོ་རྟོགས་འཕེལ་ཆེད། བགྲོ་གླེང་དང་རྩོམ་ཡིག་འགྲན་བསྡུར། མཁས་པའི་གཏམ་བཤད་སོགས་ཀྱི་ལམ་ནས་དུས་དྲན་སྲུང་བརྩི་གནང་གི་ཡོད་པ་འགྲེལ་བརྗོད་གནང་གི་འདུག

དབུ་མའི་ལམ་གྱི་དགོངས་དོན་དང་འབྲེལ་༧གོང་ས་མཆོག་གི་སྐུ་ཚབ་དང་རྒྱ་ནག་གཞུང་གི་བར། སྤྱི་ལོ་༡༩༨༠གྱ་གྲངས་དང་༩༠གོ་གྲངས། སྤྱི་ལོ་༢༠༠༢ནས་༡༠བར་བཅས་སུ་འབྲེལ་མོལ་རིམ་པ་གནང་ཡོད་ནའང་། རྒྱ་ནག་གཞུང་གིས་ཕྱེད་རང་བཙན་དང་རྣམ་པ་འགྱུར་བའི་རང་བཙན་སོགས་ཡིན་པའི་སྐྱོན་འཛུགས་བྱས་ཡོད་ཅིང་། གཞི་རྩ་དབུ་མའི་ལམ་ནི་“སྤྱི་ལོ་༡༩༧༤ལོ་ནས་བོད་རང་བཙན་བསྐྱར་གསོའི་ཚབ་ཏུ་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་གནང་རྒྱུའི་མཛད་བྱུས་གཏན་འབེབས་བྱུང་བར། རྗེས་སུ་དབུ་ལམ་གྱི་སྲིད་བྱུས་ཞེས་རྒྱལ་སྤྱིའི་ནང་ཡོངས་གྲགས་སུ་གྱུར་པ་དང་། སྤྱི་ལོ་༡༩༧༩ལོར་རྒྱ་ནག་གི་ཆེས་མཐོའི་མགོ་ཁྲིད་དེང་ཞོ་ཕེང་གིས་༧གོང་ས་མཆོག་ལ་འབྲེལ་མོལ་གྱི་གྲོས་འཆར་འདོན་སྐབས། རང་ཕྱོགས་ནས་ཐག་གཅོད་སྔར་ཡོད་ལ་བརྟེན་ལམ་འཕྲལ་བཀའ་ལན་གནང་བདེ་བྱུང་ཡོད། སྤྱི་ལོ་༢༠༡༠ལོའི་ཟླ་༣པའི་ཚེས་༢༠ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་སྤྱི་མོས་གྲོས་ཆོད་ཀྱི་ལམ་ནས་རྒྱབ་སྐྱོར་བྱུང་བ་ལྟར། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་འདི་ཉིད་རྒྱུན་སྐྱོང་ལག་བསྟར་བྱེད་མུས་ཡིན་ཞིང་། སྲིད་བྱུས་འདིས་བོད་དོན་འགྲིག་ཆགས་ཡོང་བར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་། མི་རིགས་ས་གནས་རང་སྐྱོང་གི་བཅའ་ཁྲིམས་སུ་གསལ་བའི་རང་སྐྱོང་གི་ཆ་རྐྱེན་རྣམས་གཅིག་ཀྱང་མ་ལུས་པ་མིང་དོན་མཚུངས་བའི་ལག་བསྟར་དགོས་པ་དང་། བོད་རིགས་ཡོངས་རྫོགས་རང་སྐྱོང་འཛིན་སྐྱོང་གཅིག་འོག་ངེས་པར་ཚུད་དགོས་པ། དེའི་སྒྲུབ་ཐབས་འཚེ་བ་མེད་པའི་ལམ་འབའ་ཞིག་ལ་བརྟེན་རྒྱུ་བཅས་ནི། སྲིད་བྱུས་འདིའི་འདོར་ཐབས་མེད་པའི་སྙིང་དོན་ཡིན་”ཞེས་བོད་མིའི་སྒྲིག་འཛུགས་ཀྱི་དབུ་མའི་ལམ་གྱི་སྲིད་བྱུས་ངོ་སྤྲོད་ཀྱི་ནང་འཁོད་ཡོད་པ་རེད།

 

གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དུས་འཁོར་དབང་ཆེན་གནང་སར་ཕྱི་ནས་མི་ཚོགས་འཛོམས་རྒྱུ་རྒྱ་ནག་གིས་བཀག་འགོག་བྱེད་ཐབས་བྱས་མིན་ལ་མ་བལྟོས་བར་མི་གྲངས་ཁྲི་ཚོ་མང་པོ་འཛོམས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎