ཕྱི་སོག་རྒྱལ་ཡོངས་གྲོས་ཚོགས་ཀྱི་འོས་བསྡུ་དང་འབྲེལ་བའི་སྐོར།

འོས་བསྡུ་འདིའི་ཐོག་མང་ཚོགས་ནས་དཔལ་འབྱོར་དང་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་གཉིས་གནད་དོན་གཙོ་བོར་ངོས་འཛིན་བྱེད་བཞིན་པ།

2012.06.28

༄༅༎རེས་གཟའ་ཕུར་བུའི་ཉིན་ཕྱི་སོག་ནང་རྒྱལ་ཡོངས་གྲོས་ཚོགས་ཀྱི་འོས་བསྡུ་བྱ་རྒྱུ་ཡིན་པ་དང་ད་རེས་ཀྱི་འོས་བསྡུ་འདིའི་ཐོག་མང་ཚོགས་ནས་དཔལ་འབྱོར་དང་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་གཉིས་གནད་དོན་གཙོ་བོར་ངོས་འཛིན་བྱེད་བཞིན་ཡོད་པའི་སྐོར་གནས་ཚུལ་ཐོན་འདུག་༎

ཉེ་བའི་ལོ་དུས་ནང་སྦེ་རེ་ཛིལ་རྒྱལ་ཁབ་ཀྱི་རཱི་ཡོ་ཊིན་ཊོ་དང་རྒྱ་ནག་གི་ཧྲེན་ཧུཨ་ཞེས་པ་སོགས་རྒྱལ་སྤྱིའི་གཏེར་ཁ་བསྔོགས་འདོན་གྱི་བཟོ་ཚོང་ལས་ཁང་ཚོས་ ཕྱི་སོག་ནང་གསེར་དང་ཟངས་རྡོ་སོགས་བཅས་ཀྱི་གཏེར་ཁ་བསྔོགས་འདོན་ཆེད་མ་རྩ་རྒྱ་ཆེ་བཙུགས་ཏེ་ཕྱི་སོག་གི་ལོ་འཁོར་རྒྱལ་ཁབ་ཀྱི་དཔལ་འབྱོར་ཡོང་བབ་ཇེ་མཐོར་སོང་ཡོད་ལ་ དཔེར་ན་ འདས་པའི་༢༠༡༡ལོར་རྒྱལ་ཁབ་ཀྱི་ལོ་འཁོར་དཔལ་འབྱོར་འཕེལ་ཚད་བརྒྱ་ཆ་༡༧ལྷག་དང་ ཕྱི་ཕྱོགས་ནས་མ་གནས་ཨ་སྒོར་ཐེར་འབུམ་ལྔ་ཙམ་གྱི་མ་རྩ་བཙུགས་ཡོད་པ་རེད་ ཡིན་ནའང་ ཕྱི་སོག་གི་མང་ཚོགས་ཁྲོད་ གཏེར་ཁ་བསྔོགས་འདོན་གྱི་ཡོང་བབ་དེ་དག་ སྲིད་དོན་པ་ཚོས་ལྐོག་ཟས་དང་སྒེར་སྤྱོད་བྱས་པ་ལས་ མང་ཚོགས་ཀྱི་བདེ་སྡུག་དང་ཁེ་ཕན་ཆེད་བགོ་འགྲེམས་ཆ་སྙོམ་མེད་པའི་ཚོར་བ་ཤུགས་ཆེ་ཡོད་པ་རེད་  ད་རེས་རྒྱལ་ཡོངས་གྲོས་ཚོགས་ཀྱི་འོས་བསྡུའི་འགྲན་རྩོད་སྐབས་ གཞུང་འཛིན་སོག་པོ་མི་མང་ཚོགས་པ་དང་ ཕྱོགས་འགལ་སོག་པོ་དམངས་གཙོ་ཚོགས་པ་གཉིས་ཕྱོགས་ནས་ གཏེར་ཁ་བསྡོགས་འདོན་བྱེད་པའི་ཡོང་བབ་རྣམས་ རྒྱལ་ཡོངས་ཐོག་ འཁོད་སྙོམ་བགོ་འགྲེམས་བྱ་རྒྱུ་དང་ དེ་ཡང་ འཕྲོད་བསྟེན་དང་ཤེས་ཡོན་ འཛུགས་བསྐྲུན་ཡར་རྒྱས་ཀྱི་ལས་གཞི་རིམ་པ་སྤེལ་རྒྱུ་ཡིན་ལུགས་ཆབ་སྲིད་ཀྱི་ལངས་ཕྱོགས་གཏམ་བཤད་བྱེད་བཞིན་ཡོད་འདུག་  བསམ་ཤོག་བསྡུ་ལེན་བྱས་པར་ལྟར་ན་ འོས་བསྡུའི་འགྲན་རྩོད་ནང་ ཆབ་སྲིད་ཚོགས་པ་གཉིས་ཀར་བར་ཁྱད་དེ་ཙམ་མེད་ཀྱང་ ཕྱོགས་འགལ་སོག་པོ་དམངས་གཙོ་ཚོགས་པར་ཕྲན་བུའི་གྱི་འོས་བསྡུའི་གྲུབ་འབྲས་མང་བ་ཐོབ་རྒྱུའི་སྔོན་དཔག་བྱེད་བཞིན་འདུག་ལ་ གལ་སྲིད་ཚོད་དཔག་བྱས་པ་ལྟར་ འོས་བསྡུའི་གྲུབ་འབྲས་དེ་ལྟར་གནས་ཚེ་ སོག་པོ་དམངས་གཙོ་ཚོགས་པའི་འགོ་འཁྲིད་ཨལ་ཏན་ཀུ་དབྱང་སྲིད་བློན་གསར་པར་འདེབས་ཐོན་ཡོང་རྒྱུ་ཡིན་པའི་གནས་ཚུལ་ཐོན་འདུག་༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
སྐུ་ངོ་རྒྱལ་ལོ་དོན་གྲུབ་མཆོག་བོད་གངས་ཅན་ལྗོངས་ཀྱི་ལོ་རྒྱུས་ཐོག་རྡོ་ལ་རི་མོ་བརྐོས་པ་བཞིན་གནས་པའི་བླ་སྲོག་ཅིག་ཡིན་ཞེས་པའི་རྩོམ་ཡིག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་དྲུང་ཆེ་ཡིས་དིང་རི་སླར་གསོ་བསྐྱར་སྐྲུན་དང་མཉམ་མཐའ་མཚམས་བརྟན་ལྷིང་གླེང་བར་གནད་དོན་དབྱེ་ཞིབ་པས་རྒྱ་ནག་གཞུང་གིས་གནོད་ཐེབས་ས་ཁུལ་གྱི་བསྐྱར་གསོའི་ལས་དོན་ཆབ་སྲིད་ལ་སྦྱར་བར་སྐྱོན་བརྗོད་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎