སྲིད་སྐྱོང་བློ་བཟང་སེང་གེ་མཆོག་རྒྱལ་སྤྱིའི་དབུ་ཁྲིད་ཀྱི་ལྷན་ཚོགས་ཐེངས་༡༨པའི་ཐོག་ཕེབས་ནས་གཏམ་བཤད་གནང་འདུག
དེ་ཡང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་Czechསྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་Prague རུ་ཚོགས་པའི་རྒྱལ་སྤྱིའི་དབུ་ཁྲིད་ཀྱི་ལྷན་ཚོགས་ཐོག་ལ་ཡུལ་དེའི་དེ་སྔའི་སྲིད་འཛིན་དམ་པ་སྐུ་ཞབས་Vaclav Hevel མཆོག་གིས་བཟང་སྤྱོད་དང་དམངས་གཙོ་དར་འཕེལ་གནང་བའི་མཛད་རྗེས་ལ་དྲན་གསོ་ཞུས་ཡོད་པ་དང་། ༢༠༠༠ ལོའི་གླེང་སྟེགས་ཅེས་པའི་རྒྱལ་སྤྱིའི་དབུ་ཁྲིད་ཀྱི་ལྷན་ཚོགས་ཐེངས་༡༨པ་དེ་ནི་ཕྱི་ཟླ་བཅུ་པའི་ཚེས་༡༢ ནས་༡༥ བར་Czech སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སར་ཚོགས་བཞིན་ཡོད་ཅིང། ལྷན་ཚོགས་དེ་ནི་Czech སྤྱི་མཐུན་རྒྱལ་ཁབ་ནང་དམངས་གཙོའི་ལམ་སྲོལ་ཐོག་ནས་ཐེངས་དང་པོ་སྲིད་འཛིན་དུ་འོས་འདེམས་བྱུང་བ་སྐུ་ཞབས་Vaclav Havel མཆོག་གིས་ཁོང་འཚོ་བཞུགས་སྐབས་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་བརྩི་བཀུར་བྱ་རྒྱུར་རྩ་ཆེར་འཛིན་གནང་བའི་མཛད་རྗེས་ལ་དྲན་གསོ་དང་བསྒྲགས་ལྷན་ཚོགས་ཀྱི་བརྗོད་གཞི་ནི་དམངས་གཙོ་དང་དེའི་ཞན་ཆ་ཞེས་པའི་ཐོག་གཏམ་བཤད་གནང་གི་ཡོད་པ་རེད། དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ཀྱང་ལྷན་ཚོགས་དེར་ཚོགས་བཅར་གནང་བ་ལྟར་ཕྱི་ཚེས་༡༣ སྟེ་ལྷན་ཚོགས་ཉིན་གཉིས་པའི་ཐོག་Czch སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་དམ་པ་སྐུ་ཞབས་Vaclav Havel མཆོག་གིས་བཟང་སྤྱོད་དང་དམངས་གཙོའི་གལ་ཆེར་འཛིན་པའི་དགོངས་གཞིའི་ཐོག་ནས་ཕྱི་འབྲེལ་སྲིད་ཇུས་ལག་ལེན་གནང་སྟངས་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཡོད་པ་དང། ཁོང་གིས་སྲིད་འཛིན་དམ་པ་Vaclav Havle ནི་བཟང་སྤྱོད་ལྡན་པའི་སྐྱེ་བུ་ཞིག་ཡིན་པ་དང། ཁོང་གིས་དམངས་གཙོ་དང་རང་དབང་ཐོབ་ཐང་རྩོད་ལེན་གྱི་ཕྱག་ལས་ལ་བོད་མི་ཚོ་ཡང་སེམས་འགུལ་ཐེབས་ཡོད་པ་རེད། ང་ཚོར་དགོས་པ་ནི་གཞི་རྩའི་རང་དབང་དང་ང་ཚོའི་དྲང་བདེན་གྱི་འཐབ་རྩོད་ལ་རྒྱལ་སྤྱིའི་རྒྱབ་སྐྱོར་ཐོབ་དགོས་དེ་ཡིན་པའི་སྐོར་གསུང་ཡོད་ལ། ད་དུང་དམངས་གཙོའི་ལམ་ལུགས་མདུན་བསྐྱོད་བྱེད་པར་ཤེས་ཡོན་དང་ལྐོག་ཟ་རུལ་སུང་ལ་གདོང་ལེན་བྱ་དགོས་པ། ལྷག་པར་དུ་ཁྲིམས་ལུགས་དབང་འཛིན་གལ་འགང་ཆེན་པོ་ཡིན་པའི་སྐོར་གཏམ་བཤད་གནང་ཡོད་པ་རེད། སྲིད་སྐྱོང་མཆོག་Czech རྒྱལ་ཁབ་ཀྱི་རྒྱལ་སའི་གནམ་ཐང་ཏུ་འབྱོར་བའི་སྐབས་ཡུལ་དེའི་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་Marek Benda དང་ཁྱུག་ཙམ་མཇལ་འཕྲད་གནང་ཡོད་པ་རེད། ད་རེས་ཀྱི་ལྷན་ཚོགས་དེའི་ནང་རྒྱལ་སྤྱིའི་སྲིད་དོན་པ་དང། ཤེས་ཡོན་ཅན། གསར་འགྱུར་ལས་རིགས་པ། ཚོང་ལས་པ། ཆོས་ལུགས་མི་སོགས་ཀྱི་དབུ་ཁྲིད་༢༠༠ ཙམ་ཞུགས་ཡོད་པ་རེད།
གསར་འགོད་པ་ཉི་མ་གཡུ་སྒྲོན།
