ཕི་ལི་པིན་དུ་རང་འབྱུང་གནོད་འཚེ་ཕོག་མིར་རོགས་སྐྱོར།

ཕི་ལི་པིན་ནང་རོགས་སྐྱོར་བ་ཚོས་རང་འབྱུང་གནོད་འཚེར་གོད་ཆགས་ཕོག་པ་ཚོར་ཛ་དྲག་གི་རོམས་རམ་དགོས་གལ་ཆེ་བའི་འབོད་སྐུལ།

2011-12-23
Share

༄༅༎དེ་རིང་ཕི་ལི་པིན་དཔོན་རིགས་ནས་ཁོང་ཚོའི་ཡུལ་གྲུ་ནང་ཆུ་ལོག་གི་གནོད་འཚེའི་ནང་དུ་མི་ཤི་བ་དང་རྙེད་སོན་མ་བྱུང་བའི་གྲངས་ཀ་ཉིས་སྟོང་ལྷག་བྱུང་ཡོད་པའི་སྐོར་གསུང་ཡོད་པ་དང༌། དེའི་དབར་ན་རོགས་སྐྱོར་བ་ཚོས་རང་འབྱུང་གནོད་འཚེར་གོད་ཆགས་ཕོག་པ་ཚོར་ཛ་དྲག་གི་རོམས་རམ་དགོས་གལ་ཆེ་བའི་འབོད་སྐུལ་གནང་ཡོད་པ་རེད།
དེ་ཡང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱིས་པའི་ཐེབས་རྩ་ཁང་གི་ཕི་ལི་པིན་ས་གནས་སུ་ཡོད་པའི་མགྲིན་ཚབ་པ་ཨེན་ཇེ་ལ་ཀྲེརེ་ལྦིསི་ཡིས། ཆུ་ལོག་གི་གནོད་འཚེ་ལས་གོད་ཆགས་ཕོག་པའི་མི་དམངས་ཚོར་ནད་ཡམས་སྔོན་འགོག་ཆེད་དུ་ཛ་དྲག་ཆེ་བའི་རོམས་རམ་དགོས་གལ་ཆེ་བ་ནི། གསང་སྤྱོད་ཀྱི་ཤོག་བུ་དང༌། འཐུང་ཆུ་སོགས་ཡིན་པ་གསུང་ཡོད་པ་མ་ཟད། འཐུང་ཆུའི་གནས་སྟངས་ནི་ད་དུང་ཡང་དཀའ་ངལ་ཆེན་པོ་ལྷུངས་ཡོད་པ་དང༌། འཐུང་ཆུའི་དཀའ་ངལ་དེ་ལྟར་མུ་མཐུད་གནས་པ་ཡིན་ཚེ་མི་དམངས་ཚོའི་འཕྲོད་བསྟེན་ལ་དཀའ་ངལ་དུ་འགྱུར་རྒྱུ་ཡིན་པ་གསུང་ཡོད་པ་རེད། ད་རེས་ཕི་ལི་པིན་ནང་རང་འབྱུང་ཆུ་ལོག་གི་གནོད་འཚེ་དེའི་ནང་མི་དམངས་ས་ཡ་ཕྱེད་ཀ་ཙམ་ལ་ཛ་དྲག་གི་རོགས་རམ་དགོས་གལ་ཆེན་པོ་ཡིན་པ་དང༌། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་ནས་ཆུ་ལོག་གི་གནོད་འཚེ་བྱུང་ཡུལ་ནས་མི་དམངས་ཁྲི་ལྔ་ཙམ་ཉེན་གཡོལ་དུ་གནས་སྤོ་བྱས་པ་མ་ཟད། སྤུན་མཆེད་ལྷན་དུ་དང་ཡང་ན་རྒྱ་ལམ་ཐོག་ཏུ་སྡོད་མཁན་ཚོའི་དཀའ་ངལ་ཉུང་དུ་གཏོང་ཐབས་འབད་བརྩོན་གནང་བཞིན་ཡོད་པ་རེད། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ནས་རེས་གཟའ་ཕུར་བུའི་ཉིན་ཨ་རིའི་ཊོ་ལར་ས་ཡ་༢༨ དང་གྲངས་ཆུང་༦ ཡི་རོགས་རམ་འཆར་གཞི་ཕུལ་ཡོད་པ་དང༌། ད་དུང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་ལས་ཁང་གི་མཐོ་རིམ་དཔོན་རིགས་ཤིག་དེ་རིང་རེས་གཟའ་པ་སངས་ཉིན་ཕི་ལི་པིན་གྱི་རྒྱལ་ས་མ་ནི་ལ་དུ་ཕེབས་ཐོན་གནང་སྟེ། ཛ་དྲག་གི་དགོས་མཁོ་ཆེ་བ་མལ་ཆས་དང༌། སྡོད་གུར། ཐབ་ཚང་གི་མཁོ་ཆས་སོགས་ཀྲོན་༤༢ ཡི་རོགས་རམ་གྱི་དངོས་ཟོག་རིམ་པ་དང་པོ་དེ་སྐྱེལ་འདྲེན་གནང་རྒྱུ་ཡིན་པ་རེད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།