སིཀོཊི་ལེནཌིའི་གྲོས་ཚོཊ་སུ་དབྱིན་ཡུལ་བོད་ཀྱི་སྐུ་ཚབ་དོན་གཅོད་ཟུར་པར་ཆེ་བསྟོད་ཀྱི་གྲོས་ཆོད་གྲོས་འཆར་བཏོན་འདུག

2025.01.10
སིཀོཊི་ལེནཌིའི་གྲོས་ཚོཊ་སུ་དབྱིན་ཡུལ་བོད་ཀྱི་སྐུ་ཚབ་དོན་གཅོད་ཟུར་པར་ཆེ་བསྟོད་ཀྱི་གྲོས་ཆོད་གྲོས་འཆར་བཏོན་འདུག སིཀོཊི་ལེནཌིའི་གྲོས་ཚོགས་ནང་དབྱིན་ཡུལ་བོད་ཀྱི་སྐུ་ཚབ་དོན་གཅོད་ལ་ཆེ་བསྟོད་ཚུལ་གྱི་གྲོས་འཆར་བཏོན་ཡོད་པ།
CTA

དབྱིན་ཡུལ་བོད་ཀྱི་སྐུ་ཚབ་དོན་གཅོད་ཟུར་པ་ ཧྥརཱ་སི་ (Frasi) བསོད་ནམས་ཚེ་རིང་ལགས་སུ་ཁོང་གི་ལས་ཡུན་རིང་ཐད་ཀར་འབྲེལ་བ་ཆགས་པའི་སིཀོཊི་ལེནཌི་ (Scotland) ཡུལ་གྱི་གྲོས་ཚོགས་ནས་ཁོང་གིས་ཕྱག་ལས་གནང་པ་ཁག་ལ་ངོས་འཛིན་ཆེ་བསྟོད་ཀྱི་ཚུལ་དུ་གྲོས་ཆོད་གྲོས་འཆར་ཨང་ (S6M: 15983) ༢༠༢༥ ཕྱི་ཟླ་ ༡ ཚེས་ ༣ ཉིན་བཏོན་ཡོད་ཅིང་། གྲོས་འཆར་ཡིག་ཆའི་འགོ་བརྗོད་དུ་ His Excellency ཞེས་གཞུང་ཚབ་རིམ་པ་དང་དེ་བཞིན་གཞུང་གི་མཐོ་གྲས་མི་སྣར་འབོད་ལུགས་གཅིག་འགྱུར་བཀོད་འདུག་ལ།  གྲོས་ཚོགས་འཐུས་མི་དགུས་ཐད་ཀར་རྒྱབ་སྐྱོར་གནང་འདུག་པ་འདི་ནི་དབྱིན་ཡུལ་བོད་ཀྱི་སྐུ་ཚབ་དོན་གཅོད་ཀྱི་ལས་འགན་དང་གོ་གནས་འདིར་ཆེ་བསྟོད་ཞུས་པ་ཞིག་དང་ལྷག་པར་སྐུ་ཚབ་དོན་གཅོད་ལས་ཁུངས་འདི་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ཏུ་ངོས་འཛིན་གྱི་གྲོས་ཚོགས་ཀྱི་ཡིག་ཆ་གལ་ཆེན་ཞིག་ཏུའང་གྱུར་ཡོད་པ་རེད། 
འདིའི་ཐད་དབྱིན་ཡུལ་བོད་ཀྱི་སྐུ་ཚབ་དོན་གཅོད་ཟུར་པ་ཧྥརཱ་སི་ (Frasi) བསོད་ནམས་ཚེ་རིང་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། བོད་ཀྱི་སྟོད་དིང་རིར་ས་ཡོམ་གྱི་གོད་ཆགས་བྱུང་བར་གདུང་སེམས་མཉམ་བསྐྱེད་ཞུས་གནང་པ་དང་འབྲེལ་ཕྱིའི་གྲོས་ཚོགས་ཞིག་གིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ལས་གནས་ལ་ཆེ་བསྟོད་དང་དེ་འབྲེལ་གྲོས་འཆར་བཏོན་པར་ང་རང་དགའ་པོ་བྱུང་། དེ་ནི་དོན་གཅོད་ཁང་གི་ལས་བྱེད་ཚང་མའི་ལས་དོན་ལ་ཆེ་བསྟོད་གནང་བར་ངོས་འཛིན་ཞུ་གི་ཡོད་ཅེས་གསུངས་བྱུང་། 

གྲོས་ཆོད་གྲོས་འཆར་གྱི་ཡིག་ཆ་དེའི་ནང་། སྐུ་ཞབས་ཧྥརཱ་སི་ (Frasi) བསོད་ནམས་ཚེ་རིང་ལགས་ཀྱིས་ཕྱི་ལོ་ ༢༠༡༨ ལོ་ནས་འགན་འཁུར་བཞེས་པའི་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་ཀྱི་ལས་ཡུན་མཇུག་སྒྲིལ་བར་སིཀོཊི་ལེནཌི་གྲོས་ཚོགས་ཀྱིས་འཚམས་འདྲི་ཞུས་པ་དང་། གྲོས་ཚོགས་ཀྱི་ཆབ་སྲིད་ཚོགས་པ་ཡོངས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་མཉམ་དུ་ཁོང་གིས་ལས་དོན་གནང་པ་ཁག་ལ་ལེགས་གསོལ་གནང་ཡོད་པ་དང་། སྐུ་ཚབ་དོན་གཅོད་གསར་པ་ཚེ་རིང་དབྱངས་སྐྱིད་ལགས་སུ་ལས་འཁུར་གསར་བཞེས་གནང་པར་འཚམས་འདྲི་གནང་ཡོད་པ་རེད།

དབྱིན་ཡུལ་སྐུ་ཚབ་དོན་གཅོད་གསར་པ་ཚེ་རིང་དབྱངས་སྐྱིད་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། གྲོས་འཆར་བཏོན་མཁན་གཙོ་བོ་དེ་སིཀོཊི་ལེནཌི་ (Scotland) ཀྱི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཡིན་པ་དང་། དབྱིན་ཡུལ་བོད་ཀྱི་སྐུ་ཚབ་དོན་གཅོད་ཟུར་པ་ཧྥརཱ་སི་ (Frasi) བསོད་ནམས་ཚེ་རིང་ལགས་ཀྱི་ལས་ཡུན་རིང་ལས་དོན་ཁག་ཡག་པོ་བྱུང་བ་དང་། སིཀོཊི་ལེནཌི་ (Scotland) དང་བོད་བར་འབྲེལ་ལམ་དམ་ཟབ་བྱུང་བ་སོགས་ལ་ངོས་འཛིན་གནང་ཡོད་པ་གསུངས་བྱུང་།།


གསར་འགོད་པ། བཀྲ་ཤིས་དབང་ཕྱུག   ཚེ་དབང་དངོས་གྲུབ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་ནང་ས་ཡོམ་ཤུགས་ཚད་ ༧.༡ བརྒྱབ་སྟེ་མི་ ༡༢༦ རྐྱེན་འདས་དང་རྨས་སྐྱོན་ཕོག་པའི་གྲངས་འབོར་ ༡༨༨ ནས་ཚེས་ ༡༠ ཉིན་ ༣༣༧ ལ་ཕར་པ་དང་།  ཕྱི་ཚེས་ ༡༤ བར་འགུལ་ལྷག་ཐེངས་ ༣༦༡༤ ཙམ་བྱུང་པ་བསྒྲགས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གིས་དིང་རིའི་ས་ཡོམ་གྱི་གནོད་ཐེབས་ས་ཁུལ་དུ་དགེ་འདུན་པ་ཕེབས་རྒྱུར་ཚོད་འཛིན་དང་བསྔོ་སྨོན་སོགས་གསུང་འཇུག་གི་མེད་པ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎