བོད་ནག་ཆུ་ནས་འཛུམ་དཀར་ལགས་ཀྱིས་༧གོང་ས་མཆོག་གི་སྐུ་པར་སྒྲིག་བཤོམ་བྱས་རྐྱེན་འཛིན་བཟུང་བྱས་ཡོད་འདུག

2022.06.29
བོད་ནག་ཆུ་ནས་འཛུམ་དཀར་ལགས་ཀྱིས་༧གོང་ས་མཆོག་གི་སྐུ་པར་སྒྲིག་བཤོམ་བྱས་རྐྱེན་འཛིན་བཟུང་བྱས་ཡོད་འདུག
Representation image

ཕྱི་ཟླ་༦ཚེས་༢༣ཉིན་རྒྱ་ནག་གཞུང་གི་འབྲེལ་ཡོད་ཚན་པས་ནག་ཆུ་ས་ཁུལ་ཨ་མདོ་རྫོང་རྩ་རིང་གྲོང་ཚོ་ནས་ཡིན་པ། བོད་རིགས་བུད་མེད་འཛུམ་དཀར་ནས་ཁྱིམ་དུ་ཡོད་པའི་མཆོད་ཁང་ནང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་བཤམས་ཡོད་སྐོར་བརྗོད་ནས། རང་ཁྱིམ་ནས་འཛིན་བཟུང་གིས་ཕྱི་ཚེས་༢༨ཉིན་བོད་ཀྱི་རྒྱལ་ས་ལྷ་སར་བཙན་ཁྲིད་བྱས་ཏེ། ད་ལྟའི་ཆར་ལྷ་སའི་གང་ཞིག་ཏུ་བཀག་སྐྱིལ་འོག་བཞག་ཡོད་ཤེས་རྟོགས་མེད་པར་གྱུར་ཡོད་སྐོར། བཙན་བྱོལ་ནང་ཡོད་པའི་འབྲེལ་ཡོད་བོད་མི་གཉིས་ནས་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

གོང་ཞུས་གནས་ཚུལ་མཁོ་སྤྲོད་པ་གཅིག་ནས་མུ་མཐུད་བརྗོད་དོན་ལ། འཛུམ་དཀར་ལགས་ནི་འབྲོག་ཁྱིམ་དཀྱུས་མ་ཞིག་ནས་ཡིན་ཞིང་ཕ་མ་གཉིས་དང་ལྷན་དུ་འཁོར་བ་སྐྱོང་བཞིན་ཡོད་པ་དང་། ཁོ་མོའི་ཁྱིམ་དུ་མཆོད་ཁང་ཆེན་པོ་ཞིག་བཟོ་སྐྲུན་བྱས་ཡོད་པའི་ནང་། ༧གོང་ས་མཆོག་གི་སྐུ་པར་ཡོད་སྐོར་བརྗོད་ནས་རྒྱ་ནག་གི་འབྲེལ་ཡོད་ཚན་པས་དེ་སྔ་ནས་ཉེན་བརྡ་བཏང་ཡོད་ཚུལ་ཞིག་བཤད་རྒྱུ་ཡོད་ཀྱང་། ཉེ་སྔོན་གནད་དོན་དེར་ཁག་བཞག་ནས་གློ་བུར་འཛིན་བཟུང་བྱས་པ་ལས། དེ་མིན་ཁོ་མོར་ནག་ཉེས་གཞན་གང་ཡང་མེད་སྐོར་འགྲེལ་བརྗོད་གནང་གི་འདུག

རྒྱ་ནག་གཞུང་གིས་དེ་སྔ་ནས་བོད་མི་ཚོས་༧གོང་ས་མཆོག་གཙོས་བོད་ཀྱི་བླ་ཆེན་ཚོའི་སྐུ་པར་སྒྲིག་བཤོམ་མི་ཆོག་པའི་དམ་དྲག་ཤུགས་ཆེར་བྱེད་བཞིན་ཡོད་པ་རེད་ལ། སྔར་ལོ་སེར་ཤུལ་རྫོང་རྫ་སྨད་དབོན་པོ་ཁུལ་ནས་བོད་པའི་དགེ་འདུན་པ་༡༩དང་མི་སྐྱ་༤༠བཅས་ཁྱོན་མི་༦༠ཙམ་འཛིན་བཟུང་བྱས་པའི་ཁྲོད། མང་ཆེ་བ་༸གོང་ས་མཆོག་གི་༸སྐུ་པར་བཤམས་པ་དང་ཉར་བའི་ཉེས་མིང་འོག་འཛིན་བཟུང་བྱས་ཡོད་པ་རེད་ལ། བོད་གནས་ལྟ་ཞིབ་ཁང་གི་ཉམས་ཞིབ་པ་པདྨ་རྒྱལ་ལགས་ནས་རྒྱ་ནག་གཞུང་གིས་ཆབ་སྲིད་ཀྱི་ཀླད་པ་དཀྲུ་ཐབས་རྐྱེན་གྱིས་ངོ་བོ་མ་འདྲ་ཙམ་ལས་རིག་གནས་གསར་བརྗེ་ལྟ་བུའི་ལས་འགུལ་མུ་མཐུད་བོད་མི་ཚོའི་སྟེང་སྤེལ་བཞིན་ཡོད་སྐོར་བརྗོད་བྱུང་།

འཛུམ་དཀར་ལགས་ནི་ནག་ཆུ་ས་ཁུལ་ཨ་མདོ་རྫོང་རྩ་རིང་གྲོང་ཚོ་ནས་ཡིན་ཞིང་། ཁོ་མོས་ནང་དུ་ཕ་མ་གཉིས་ལ་ཞབས་ཞུ་དང་འཁོར་འཛིན་གྱིས་འབྲོག་ལས་གཉེར་ནས་ཡོད་པ་དང་།  ཁོ་མོའི་བཟའ་ཟླའི་མིང་ལ་ནོར་ཚེ་དང་ཚོང་ལས་གཉེར་མཁན་ཞིག་དང་། ཁོང་ལ་བུ་མོ་གཉིས་བཅས་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན།
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་ཕྱིའི་རོགས་དངུལ་ཡོང་ཕྱིར་ཅུང་ངང་སྲིང་དགོས་པ་གནས་ཆུང་ཆོས་རྒྱལ་ནས་བཀའ་ལུང་ཕེབས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རིའི་ཆི་ཁ་གྷོ་སྒྱུ་རྩལ་བསྟི་གནས་ཁང་གིས་དུས་རབས་བཅུ་གཉིས་པའི་སྐབས་ཀྱི་སངས་རྒྱས་ཀྱི་སྐུ་བརྙན་ཞིག་བལ་ཡུལ་དུ་ཕྱིར་སློག་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎