བོད་ནང་གི་རྩོམ་པ་པོ་ནག་པོ་སྐལ་བཟང་ལགས་སྐུ་གྲོངས་འདུག
2018.04.06
བོད་ནང་གི་བརྩམས་སྒྲུང་རྩོམ་པ་པོ་ནག་པོ་སྐལ་བཟང་ལགས་དགུང་ལོ་རེ་གསུམ་ཐོག་སྐུ་གྲོངས་འདུག
དེ་ཡང་སྤྱི་ཚེས ༤་ཉིན། བོད་ཀྱི་བརྩམས་སྒྲུང་རྩོམ་པ་པོ་དང་། རྩོམ་རིག་དཔྱད་བརྗོད་པ་གངས་རྒྱན་ན་ཆུང་ཚགས་པར་གྱི་རྩོམ་སྒྲིག་པ་ཟུར་པ་ནག་པོ་སྐལ་བཟང་ལགས་སྐུ་གྲོངས་ཡོད་འདུག
ཁུངས་ལྡན་གནས་ཚུལ་ལྟར་ན། རྩོམ་པ་པོ་ནག་པོ་སྐལ་བཟང་ལགས་ནི་ ༡༩༥༥ ལོར་རེབ་གོང་གླིང་རྒྱ་སྡེ་བར་སྐྱེས་ཤིང་། ༡༩༨༢ ལོར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ་ནས་སློབ་མཐར་ཕྱིན་རྗེས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་དུ་རྩོམ་སྒྲིག་པའི་ལས་དོན་བསྒྲུབས་ཡོད་པ་དང་། ཁོང་གིས་བོད་ཡིག་གི་ལམ་ནས་༼ བྲེད་ཤ་ལངས་པའི་མཚར་གཏམ་ ༽ སོགས་སྒྲུང་ཐུང་དང་དཔྱད་རྩོམ་བཅུ་ལྷག་སྤེལ་ཡོད་པ་མ་ཟད། སྒྲུང་རིང་༼ ཀླུ་འབུམ་མི་རྒོད་༽ དང ༼ མྱལ་ཟངས་ནང་ན་ཀུ་རེ་མེད་ ༽ ཞེས་པ་སོགས་པར་བསྐྲུན་གནང་ཡོད་འདུག དེ་བཞིན་རྒྱ་ཡིག་གི་ལམ་ནས་༼ བོད་མིའི་བྱུང་བ་བརྗོད་པ ༽ དང༼ བོད་ཀྱི་མི་གྲངས།༽ ༼ གླིང་རྗེ་གེ་སར་རྒྱལ་པོ༽ སོགས་དཔྱད་རྩོམ་མང་པོ་བརྩམས་པ་མ་ཟད། ཁོང་གི་བརྩམས་ཆོས་ཁག་ཅིག་ལ་རྒྱ་ནག་རྒྱལ་ཡོངས་རང་བཞིན་གྱི་བྱ་དགའ་མང་པོ་ཐོབ་ཡོད་པ་རེད། ལྷག་པར་ཀླུ་འབུམ་མི་རྒོད་ཅས་པའི་བརྩམས་སྒྲུང་དེ་བོད་ཀྱི་དྲག་རྩལ་བརྩམས་སྒྲུང་ཐོག་མ་ངོས་འཛིན་བྱས་ཡོད་པ་རེད།
བོད་ཕྱི་ནང་གཉིས་ཀྱི་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་ཤེས་ཡོན་པ་དང་། ལྷག་པར་དུ་རྩོམ་པ་པོ་མང་པོས་ཁོང་གི་བརྩམས་ཆོས་ལ་བགྲོ་གླེང་དང་མྱ་ངན་གུས་འདུད་ཞུ་བཞིན་འདུག
གསར་འགོད་པ་སྟག་ལྷ་རྒྱལ།