བོད་ནང་རྒྱ་ནག་གཞུང་ལ་ཞི་བའི་ངོ་རྒོལ་གནང་མཁན་རྣམ་སྐྱིད་ལགས་བཙོན་གྲོལ་ཐོབ་རྗེས་བཙན་བྱོལ་དུ་འབྱོར་ཡོད་འདུག

2024.04.27
བོད་ནང་རྒྱ་ནག་གཞུང་ལ་ཞི་བའི་ངོ་རྒོལ་གནང་མཁན་རྣམ་སྐྱིད་ལགས་བཙོན་གྲོལ་ཐོབ་རྗེས་བཙན་བྱོལ་དུ་འབྱོར་ཡོད་འདུག ཆབ་སྲིད་བཙོན་ཟུར་རྣམ་སྐྱིད་ལགས་ཀྱིས་གསར་འགོད་གསལ་བསྒྲགས་སྐབས་གཏམ་བཤད་གནང་བཞིན་པ། ༠༤།༡༩།༢༠༢༤
བསྟན་འཛིན་དོན་ཡོད། RFA/Dhasa

༢༠༢༤་ལོའི་ཟླ་༤བའི་ཚེས་༡༩ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ། ཉེ་ཆར་བོད་ནས་འབྱོར་བའི་ཆབ་སྲིད་བཙོན་ཟུར་རྣམ་སྐྱིད་ལགས་ཀྱིས་ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་དང་། རྒྱ་ནག་གཞུང་གི་བཙན་གནོན་འོག་དཀའ་སྡུག་དང་མནར་གཅོད་ཚད་མེད་མྱངས་པའི་ཐད་གསར་འགོད་ལྷན་ཚོགས་ཞིག་སྐོང་ཚོགས་སར་གསལ་བཤད་གནང་ཡོད་པ་དང་། སྐབས་དེར་ཁོང་གིས་རང་ཉིད་ཀྱི་མི་ཚེའི་ལོ་རྒྱུས་དང་། བོད་ཀྱི་བདེན་དོན་འཐབ་རྩོད་ཆེད་ཁོང་དང་ཁོང་མོའི་སྤུན་མཆེད་བསྟན་འཛིན་སྒྲོལ་མ་ལགས་གཉིས་ཀྱིས་བོད་ནང་དུ་ཆབ་སྲིད་ཀྱི་ལས་འགུལ་སྤེལ་རྗེས། རྒྱ་ནག་གཞུང་གིས་འཛིན་བཟུང་བཀག་ཉར་བྱས་པའི་འོག་དཀའ་སྡུག་ཇི་ཙམ་མྱངས་ཡོད་པའི་སྐོར་ངོ་སྤྲོད་གནང་པ་དང་ཆབས་གཅིག ཁོང་མོས་བོད་ནང་དུ་གནས་པའི་བོད་མི་ཚོར་རང་གི་རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ་སྙིང་སྟོབས་དང་ལྷག་བསམ་ཚད་མེད་ཡོད་པ་གསུངས་པ་དང་། ཆོལ་ཁ་དང་ཆོས་བརྒྱུད་ཀྱི་དབྱེ་བ་ཡོད་མ་རེད། འོན་ཀྱང་བཙན་བྱོལ་ནང་བོད་མི་ནང་ཁུལ་ཆོལ་ཁ་དང་ཆོས་བརྒྱུད་ཀྱི་དབྱེ་བ་ཕྱེ་པ་དེ་ཐབས་སྐྱོ་པོ་དང་བློ་ཕམ་པོ་ཞིག་རེད། བོད་ནང་དུ་ཡོད་པའི་བོད་མི་ཚོས་རྒྱ་ནག་གཞུང་གི་དྲག་གནོན་འོག་སྡུག་སྦྱོང་མནར་གཅོད་མྱངས་པ་དང་རང་ལུས་མེར་སྲེག་གཏོང་བཞིན་པ་དེ་ཚོ་སྒེར་གྱི་ཁེ་ཕན་གྱི་ཆེད་དུ་མིན་པར་བོད་ཆོལ་ཁ་གསུམ་གྱི་བདེ་སྡུག་གི་ཆེད་དུ་ཡིན་པས་བོད་མི་ཚང་མས་ཆོལ་ཁ་དང་ཆོས་བརྒྱུད་ཀྱི་དབྱེ་བ་དོར་ནས་བོད་ཆོལ་ཁ་གསུམ་རྡོག་རྩ་ཆིག་སྒྲིལ་བྱ་རྒྱུ་གལ་ཆེ་ཡིན་པ་གསུངས་སོང་།

Namkyi (2).jpg
ད་དུང་ཁོང་མོས་བོད་ཀྱི་བདེན་དོན་འཐབ་རྩོད་ཆེད་ཆབ་སྲིད་ལས་འགུལ་སྤེལ་བའི་སྐོར་ལ་གསུངས་སྐབས། ཕྱི་ལོ་ ༢༠༡༥ ཟླ་ ༩ ཟླ་མཇུག་ཏུ་ཁོང་དང་ཁོང་གི་སྤུན་མཆེད་བསྟན་འཛིན་སྒྲོལ་མ་ལགས་གཉིས་ཀྱིས་གསང་བའི་གྲོས་བསྡུར་བྱས་པ་བརྒྱུད། ཕྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༢༡ ཉིན་མདོ་སྨད་རྔ་པ་རྫོང་གི་དཔའ་བོའི་ཁྲོམ་གཞུང་དུ་ལག་ཏུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུ་པར་ཆེན་པོ་གཉིས་བཟུང་སྟེ། བོད་ལ་རང་དབང་དགོས། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་མགྱོགས་མྱུར་བོད་ལ་ཕེབས་འཇུག་དགོས། ༧སྐུ་ཚེ་ཁྲི་ལོ་ནས་ཁྲི་ལོར་བརྟན་པར་ཤོག་ཅེས་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་སྐབས་རྒྱ་ནག་གི་ཉེན་རྟོག་པས་འཛིན་བཟུང་གིས་རྔ་པ་རྫོང་གི་བཀག་ཉར་ཁང་དུ་བཙན་ཁྲིད་བྱས་ནས་ཁོང་གཉིས་ལ་ལོ་གསུམ་ལྷག་རིང་བཙོན་འཇུག་ཁྲིམས་ཐག་བཅད་པ་དང་། བཙོན་ཁང་ནང་མི་རིགས་མི་འདྲ་བའི་དབང་གིས་མཐོང་ཆུང་དང་དབྱེ་འབྱེད་བྱེད་པ་སོགས་དཀའ་སྡུག་ཚད་མེད་མྱངས་ཡོད་པའི་སྐོར་གསུངས་པ་དང་། མཐར་ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༢༡ ཉིན་ཁོང་གཉིས་བཙོན་འཇུག་གི་དུས་ཡུན་ཚང་ནས་གློད་གྲོལ་ཐོབ་ཡོད་ན་ཡང་ལྟ་རྟོག་འོག་བཞག་ནས་འགྲོ་འདུག་ལ་རང་དབང་གཏན་ནས་མེད་པར་དཀའ་ངལ་མུ་མཐུད་འཕྲད་པར་བརྟེན། ཕྱི་ལོ་ ༢༠༢༣ ཟླ་ ༥ ཚེས་༡༣ ཉིན་ཨ་ནེ་ཚེ་རིང་སྐྱིད་དང་ལྷན་དུ་རྒྱ་གར་ནང་བཙན་བྱོལ་དུ་ཡོང་བ་ཞིག་རེད་འདུག
ཆབ་སྲིད་བཙོན་ཟུར་རྣམ་སྐྱིད་ལགས་ནི། བོད་མདོ་སྨད་རྔ་པ་རྫོང་གཅའ་རོ་ཡུལ་ཚོ་པདྨ་ལྷ་ཐང་གི་འབྲོག་ཁྱིམ་ཞིག་ཏུ་སྐྱེས་ཤིང་། ཁོང་མོ་ཆུང་དུས་ནས་ཕ་མ་གཉིས་དང་མཉམ་དུ་འབྲོག་ལས་གཉེར་ཏེ་བསྡད་ཡོད་པས་སློབ་གྲྭར་འགྲོ་རྒྱུའི་གོ་སྐབས་ཐོབ་མེད་ཀྱང་། ཁོང་མོ་ཆུང་དུས་ནས་ཕ་མ་གཉིས་གཙོས་མི་རབས་རྒན་པ་རྣམས་ཀྱི་ཞལ་ནས་རྒྱ་ནག་དམར་གཞུང་གིས་བོད་མི་དམར་གསོད་དང་ས་གཞི་དང་རྒྱུ་ནོར་འཕྲོག་བཅོམ་བྱས་ཏེ་བོད་བཙན་བཟུང་བྱས་པ་དང་། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་། ༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་སོགས་སྐྱེས་ཆེན་དམ་པ་མང་པོ་རྒྱ་གར་ནང་བཙན་བྱོལ་དུ་ཕེབས་དགོས་བྱུང་ཡོད་པ་སོགས་བོད་ཀྱི་ཡིད་སྐྱོ་བའི་ལོ་རྒྱུས་མང་པོ་ཞིག་གོ་ཐོས་བྱུང་སྐབས་སེམས་སྐྱོ་བ་དང་ནམ་ཞིག་བོད་ལ་རང་དབང་འཐོབ་ཐུབ་པ་དང་། བོད་ནང་དུ་རྒྱལ་གཅེས་ལྷག་བསམ་ཅན་ཕོ་མོ་རྒན་གཞོན་མང་པོ་ཞིག་གིས། རྒྱ་གཞུང་གིས་བོད་ཀྱི་དགོན་པ་གྲྭ་ཚང་དང་། སློབ་གྲྭ། མང་ཚོགས་བཅས་ལ་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་འཛིན་སྐྱོང་སྤེལ་གསུམ་བྱེད་པར་དངོས་ཤུགས་བརྒྱུད་གསུམ་ནས་བཀག་འགོག་དང་། འགྲོ་འདུག་གི་རང་དབང་ལ་འགོག་གནོན་བྱེད་བཞིན་ཡོད་ཀྱང་། མཉམ་འབྲེལ་རྒྱལ་ཚོགས་དང་ཕྱིའི་རྒྱལ་ཁབ་ཁག་གིས་བོད་ནང་གི་ཉིན་རེའི་དཀའ་སྡུག་མནར་གཅོད་རྣམས་མཁྱེན་རྟོགས་ཐུབ་ཀྱི་ཡོད་པ་མ་རེད་བསམ་པའི་བློ་ཚབས་བྱུང་ལུགས་སོགས་ངོ་སྤྲོད་གནང་ཡོད་འདུག།


གསར་འགོད་པ། པ་སངས་ཚེ་རིང་།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་ཕྱིའི་རོགས་དངུལ་ཡོང་ཕྱིར་ཅུང་ངང་སྲིང་དགོས་པ་གནས་ཆུང་ཆོས་རྒྱལ་ནས་བཀའ་ལུང་ཕེབས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རིའི་ཆི་ཁ་གྷོ་སྒྱུ་རྩལ་བསྟི་གནས་ཁང་གིས་དུས་རབས་བཅུ་གཉིས་པའི་སྐབས་ཀྱི་སངས་རྒྱས་ཀྱི་སྐུ་བརྙན་ཞིག་བལ་ཡུལ་དུ་ཕྱིར་སློག་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎