དགེ་ལུགས་པའི་རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོ་མཇུག་སྒྲིལ་བ།


2015.06.24
Share on WhatsApp
Share on WhatsApp
དགེ་ལུགས་པའི་རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོའི་ཉིན་གཉིས་པའི་སྐབས། ༢༠༡༥།༦།༢༤ དགེ་ལུགས་པའི་རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོའི་ཉིན་གཉིས་པའི་སྐབས། ༢༠༡༥།༦།༢༤
འཇིགས་མེད་སྙན་གྲགས། RFA

དགེ་ལུགས་པའི་རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོའི་ཐོག་༧གོང་ས་མཆོག་ཆེད་ཕེབས་ཀྱིས་བཀའ་སློབ་གནང་ཡོད་འདུག
དེ་ཡང་ཚེས་༢༤ཉིན་རྡ་སྟེང་བོད་ཁྱིམ་ཚོགས་ཁང་དུ། རི་བོ་དགེ་ལུགས་པའི་རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོ་དེ་མཇུག་བསྒྲིལ་བའི་མཛད་སྒོ་ཞིག་ཚོགས་ཡོད་པ་དང་། ཚོགས་མགོན་དུ་༧གོང་ས་མཆོག་དབུས་པའི་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་། ཤར་བྱང་ཆོས་རྗེ་རྣམ་གཉིས། བོད་མིའི་སྒྲིག་འཛུགས་ཀྱི་དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་བཅས་ཕེབས་ཡོད་པ་རེད། སྐབས་དེར་༧གོང་ས་མཆོག་ཆེད་ཕེབས་ཀྱིས་བོད་བརྒྱུད་ནང་བའི་དགོན་པ་ཆུང་ཆུང་ཞིག་ཡིན་ཡང་ཆོས་སློབ་གཉེར་བྱེད་ཡུལ་ཞིག་ཆགས་པ་བྱ་དགོས་སྐོར་སོགས་ཀྱི་བཀའ་སློབ་གནང་བ་དང་གལ་ཆེའི་གྲོས་ཆོད་ཁག་གཅིག་གཏན་འབེབས་བྱུང་ཡོད་པ་རེད།
ཚེས་༢༣ཉིན་རྒྱལ་སྤྱིའི་རི་བོ་དགེ་ལྡན་ལྷན་ཚོགས་ཐེངས་དང་པོའི་དབུ་འབྱེད་ཀྱི་མཛད་སྒོའི་ཐོག་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གསུང་བཤད་གནང་བའི་ནང་། བོད་བརྒྱུད་ནང་བསྟན་འདི་གཞན་དང་མི་འདྲ་བ་ཞིག་ཡིན་པ་ད་ལྟ་བར་གནས་ཡོད་པ་འདི་མུ་མཐུད་དར་སྤེལ་དང་། སྤུས་ཚད་ཡག་ཏུ་གཏོང་དགོས་རྒྱུ་ཤིན་ཏུ་ནས་གལ་ཆེན་པོ་རེད་སོགས་ཀྱི་གསུང་བཤད་གནང་འདུག དབུ་འབྱེད་མཛད་སྒོའི་ཐོག་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་། ཤར་བྱང་ཆོས་རྗེ་རྣམ་གཉིས་དབུ་བཞུགས་ཐོག་དམིགས་བསལ་སྐུ་མགྲོན་དུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་། མཁན་ཟུར་༤༧། རྒྱ་གར་དང་། བལ་ཡུལ།  འབྲུག་ཡུལ་གསུམ་གྱི་དགོན་སྡེ་ཁག་༩༧གྱི་མཁན་པོ་དང་གྲ་བཙུན་༣༠༠ཙམ་ལྷན་འཛོམས་ཀྱི་མཛད་སྒོ་དབུ་འཛུགས་གནང་འདུག རི་བོ་དགེ་ལུགས་པ་ཡོངས་ཀྱི་༧རྒྱལ་བའི་བརྟན་བཞུགས་དང་བཀའ་དྲིན་རྗེས་དྲན་གྱི་རྒྱུན་ལས་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས་ཀྱིས་ཚོགས་འདུའི་ངོ་སྤྲོད་གསུང་བཤད་དང་།  འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་གིས་གསུང་བཤད་གནང་རྗེས་དམིགས་བསལ་སྐུ་མགྲོན་དུ་བོད་མིའི་སྒྲིག་འཛུགས་ཀྱི་ སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གསུང་བཤད་གནང་བའི་ནང་། ང་ཚོའི་རྩ་ཆེའི་ནང་པ་སངས་རྒྱས་ཀྱི་ཆོས་འདི་མུ་མཐུད་ནས་བསླབ་པ་སློབ་གཉེར་སྤུས་དག་ཏུ་གཏོང་རྒྱུ་དང་། གཏིང་ཟབ་ཏུ་གཏོང་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཆགས་ཡོད་ཅེས་གསུངས་འདུག དེ་རྗེས་རི་བོ་དགེ་ལུགས་པ་ཡོངས་ཀྱི་༧རྒྱལ་བའི་བརྟན་བཞུགས་དང་བཀའ་དྲིན་རྗེས་དྲན་གྱི་རྒྱུན་ལས་ཚོགས་ཆུང་གི་ཚོགས་གཞོན་སྤྱི་འཐུས་རོང་པོ་བློ་བཟང་སྙན་གྲགས་ལགས་ཀྱི་ཐུགས་རྗེ་ཆེ་ཞེས་ཞུས་ཏེ་མཛད་སྒོ་གྲོལ་འདུག

གསར་འགོད་པ་ཚེ་དབང་དངོས་གྲུབ།

དགེ་ལུགས་པའི་རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོའི་ཐོག་༸གོང་ས་མཆོག་ནས་བཀའ་སློབ་བསྩལ་གནང་མཛད་ཡོད་པའི་སྐོར། ཞིབ་ཕྲ་འདི་གའི་གསར་འགོད་པ་བསྟན་འཛིན་དབང་རྒྱལ་ལགས་ཀྱིས་བཏང་བའི་གནས་ཚུལ་ལ་གསན་རོགས་ཞུ༎

གསར་འགོད་པ་བསྟན་འཛིན་དབང་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
སྲིད་སྐྱོང་མཆོག་གིས་རང་བཙན་རྩོད་ཀྱི་མེད་པ་ནན་བརྗོད་གནང་པ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎