རྒྱ་ནག་གཞུང་གིས་བོད་དང་བལ་ཡུལ་བར་ཚོང་ལམ་གསར་པ་ཞིག་སྒོ་ཕྱེ་འཆར་འདུག
རྒྱ་ནག་གཞུང་གིས་ཁྱིམ་མཚེས་ཧི་མ་ལ་ཡའི་རི་རྒྱུད་རྒྱལ་ཁབ་བལ་ཡུལ་དང་མཉམ་དུ་དཔལ་འབྱོར་གྱི་འབྲེལ་ལམ་གཞི་རྒྱ་ཆེ་རུ་གཏོང་རྒྱུའི་ཐབས་ཤེས་བྱེད་བཞིན་པ་ལྟར། རྒྱ་ནག་གིས་བལ་ཡུལ་དང་ས་འབྲེལ་འཁེལ་བའི་གཞིས་རྩེ་ས་ཁུལ་གཡག་རྭ་(Yagra Zhongba)་ས་ཁུལ་གྱི་(Lizi)གྲོང་གསེབ་ས་ཁུལ་དེ་རུ་ཚོང་ལམ་གསར་པ་སྒོ་མོ་འབྱེད་རྒྱུ་ཡིན་པ་དང་། དེ་ནི་རྒྱ་མཚོའི་ངོས་ནས་མཐོ་ཚད་མི་ཊར་བཞི་སྟོང་དྲུག་རྒྱའི་ཐོག་གི་(Lizi Port)་ཟེར་བའི་ཐོག་ཁྲོམ་རྭ་འཛུགས་སྐྲུན་གྱི་ལས་གཞི་མཇུག་སྒྲིལ་ཏེ། ཕྱི་ཟླ་དགུ་པའི་ཚེས་༡༩རེས་གཟའ་མིག་དམར་ཉིན་ཚོང་ལས་བློན་ཆེན་གྱིས་རྟོགས་ཞིབ་བྱས་ཡོད་པ་མ་ཟད། སྒོ་མོ་ འབྱེད་རྒྱུའི་གྲ་སྒྲིག་ཆ་ཚང་ཟིན་ལུགས་རྒྱ་ནག་གཞུང་འབྲེལ་གྱི་གསར་ལམ་ཐོག་གནས་ཚུལ་སྤེལ་འདུག
འོན་ཀྱང་གསར་འགྱུར་ཐོག་ལ་(Lizi Port)་ཞེས་པའི་ཁྲོམ་རྭ་དེ་ག་དུས་སྒོ་མོ་འབྱེད་རྒྱུ་ཡིན་མིན་གྱི་དུས་ཚོད་གང་ཡང་གསལ་མི་འདུག ཡིན་ན་ཡང་ཚོང་ལམ་དེ་ཡིས་བོད་ཕྱོགས་ནས་ཕྱི་ཕྱོགས་ཀྱི་འཛམ་གླིང་ལ་སྒོ་མོ་ཕྱེ་ནས་རྒྱ་ནག་དང་བལ་ཡུལ་བར་གྱི་འབྲེལ་ལམ་ཡར་རྒྱས་དང་། རྒྱ་ནག་དང་བལ་པོའི་མཛའ་གྲོགས་ཀྱི་འབྲེལ་བ། ལས་དོན་མཉམ་ལས་གཏིང་ཟབ་ཏུ་འགྲོ་རྒྱུ། དེ་བཞིན་བོད་ནང་གི་དཔལ་འབྱོར་འཕེལ་རྒྱས་དང་། སྤྱི་ཚོགས་ཡར་རྒྱས་འགྲོ་རྒྱུ་ཡིན་པའི་སྐོར་བཀོད་འདུག
བོད་དང་བལ་ཡུལ་བར་གྱི་ཚོང་ལམ་གསར་པ་དེ་ནི། བོད་ཀྱི་གཞིས་རྩེ་ས་ཁུལ་གཡག་རྭ་(Yagra Zhongba)་ས་ཁུལ་གྱི་(Lizi)་གྲོང་གསེབ་ནང་འཛུགས་སྐྲུན་བྱས་ཡོད་འདུག་ བོད་ཀྱི་རྒྱལ་ས་ལྷ་ས་ནས་སྤྱི་ལེ་༩༣༥ཙམ་དང་བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་ཀྲུའུ་ནས་སྤྱི་ལེ་༤༩༩སར་ཡོད་པ་དང་། (Lizi)་ས་ཁུལ་དེ་ནི་(Korala)་ལའི་སྟེང་དུ་ཆགས་ཏེ། དུས་རབས་མང་པོ་ནས་ཧི་མ་ལ་ཡའི་ཁུལ་གྱི་མི་དམངས་ཚོས་འབྲུ་རིགས་དང་ཚྭ་དང་ར་ལུག་ཚོང་བསྒྱུར་བྱེད་ཡུལ་གྱི་ཁྲོམ་རྭ་ལྟེ་གནས་ཞིག་དང་། ཡང་བལ་ཡུལ་ཕྱོགས་ཀྱི་གློ་ནས་སྤྱི་ལེ་༡༢་སར་ཡོད་པའི་བོད་ཀྱི་ས་ཁུལ་(Nechung)་ནང་ཁྲོམ་ར་ཞིག་ཀྱང་འཛུགས་སྐྲུན་བྱས་ཡོད་ལ། ད་དུང་བོད་ནས་བལ་ཡུལ་གྱི་ས་ཆ་གཞན་ཁག་ཏུ་འགྲིམ་འགྲུལ་ཐུབ་པའི་འགྲོ་ལམ་འཛུགས་སྐྲུན་བྱས་པ་རྣམས་མཇུག་སྒྲིལ་ཡོད་པ་རེད་འདུག
རྒྱ་ནག་གཞུང་གིས་འཛུགས་སྐྲུན་བྱས་པའི་(Lizi)་དང་(Nechung)་ཚོང་ལམ་དེ་ནི་སྤྱི་ལེ་ཆིག་སྟོང་བཞི་རྒྱའི་མཚམས་ཀྱི་བལ་བོད་ས་མཚམས་ཁུལ་གྱི་ཚོང་ལམ་བཞི་པ་ཡིན་ཞིང་། ད་དུང་གཞིས་རྩེ་ས་ཁུལ་གྱི་ཆེན་ཐང་(Chentang)་ནས་བལ་ཡུལ་གྱི་རྒྱལ་ས་དང་(Riwu)་བར་ཁྲོམ་རྭ་ཁག་གཉིས་ཀྱི་འཆར་གཞི་ཡོད་པའི་སྐོར་བཀོད་འདུག
གསར་འགོད་པ། གཡུ་སྒྲོན།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།