བལ་ཡུལ་གློ་སྨོན་ཐང་དུ་ཆུ་ལོག་རྒྱུག་སྟེ་ས་གནས་ཀྱི་ཁང་ཁྱིམ་མང་པོར་གནོད་སྐྱོན་ཐེབས་འདུག

2023.08.17
བལ་ཡུལ་གློ་སྨོན་ཐང་དུ་ཆུ་ལོག་རྒྱུག་སྟེ་ས་གནས་ཀྱི་ཁང་ཁྱིམ་མང་པོར་གནོད་སྐྱོན་ཐེབས་འདུག བལ་ཡུལ་གློ་སྨོན་ཐང་དུ་ཆུ་ལོག་གི་གནོད་ཐེབས་ས་ཁུལ། ༠༨།༡༤།༢༠༢༣
པར་བལ་ཡུལ་སྐུ་ཚབ་དོན་གཅོད་རྩིབས་རི་ལོ་པཎ་སྤྲུལ་སྐུ་ཡིས་མཁོ་སྤྲོད་གནང་།

དེང་སྐབས་ཆར་དུས་ཀྱི་སྐབས་འདིར་རྒྱ་གར་དང་བལ་ཡུལ་སོགས་ཀྱི་ཧི་མ་ལ་ཡའི་རི་རྒྱུད་ས་ཁུལ་ཁག་ཏུ་ཆར་ཞོད་ཤུགས་ཆེའི་དབང་གིས། རི་ཉིལ་བ་དང་། ལམ་ཆད་པ། ཟམ་པ་དང་སྡོད་ཁང་རྡིབ་པ་སོགས་ཀྱི་དཀའ་ངལ་འཕྲད་བཞིན་པ་ལྟར། ཉེ་ལམ་སྤྱི་ཟླ་༨པའི་ཚེས་༡༣ཉིན་བལ་ཡུལ་ནང་གི་གློ་སྨོན་ཐང་སྨད་རྒྱུད་དུ་ཆུ་ལོག་རྒྱུག་སྟེ་ས་གནས་ཡུལ་མི་དང་བོད་མི་སྐྱབས་བཅོལ་བའི་ས་ཁང་ལ་གནོད་སྐྱོན་ཐེབས་ཡོད་པའི་ཁོངས་སུ། གློ་ཚེ་རོགས་རྣམ་རྒྱལ་གླིང་བོད་མིའི་གཞིས་གྲོང་གི་ཐག་ཉེའི་ས་ཆ། ཀག་བྷི་ནི་ཟེར་བའི་ས་གནས་སུ་ཆར་ཞོད་དང་ཆུ་ལོག་རྒྱུག་སྟེ་ཁ་འཐོར་བོད་མི་སྐྱབས་བཅོལ་བ་ཁྱིམ་ཚང་གསུམ་གྱི་སྡོད་ཁང་ལ་སྐྱོན་ཆག་ཤོར་བ་དང་། གཞན་ཡང་གློ་ཚེ་རོགས་གཞིས་ཁོངས་ཀྱི་བོད་མི་ཁག་ཅིག་གིས་ས་གནས་དེར་ཚོང་ལས་གཉེར་བཞིན་པ་ཁོང་ཚོའི་ཚོང་ཁང་ལའང་ས་རུད་འདམ་རུད་ཀྱིས་སྐྱོན་ཆག་ཤོར་ཡོད་པའི་སྐོར། བལ་ཡུལ་སྐུ་ཚབ་དོན་གཅོད་རྩིབས་རི་ལོ་པཎ་སྤྲུལ་སྐུ་ནས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

mustang flood (1).JPG
གཞན་ཡང་ས་གནས་ཡུལ་མི་ལའང་དོ་ཕོག་ཆེན་པོ་ཐེབས་ཡོད་པས་གདུང་སེམས་མཉམ་བསྐྱེད་གནང་གི་ཡོད་པ་དང་། བོད་མི་སྐྱབས་བཅོལ་བ་ཚོར་ས་གནས་འགོ་འཛིན་གྱིས་བལྟ་རྟོག་བྱེད་དགོས་ཀྱི་ཡོད་པར་བརྟེན། སྐབས་ཐོག་དེར་ས་གནས་འགོ་འཛིན་ཆེད་ཕེབས་རྟོག་ཞིབ་གནང་རྒྱུ་བྱུང་སྟེ། དབུས་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ལ་སྙན་སྒྲོན་ཕུལ་ཡོད་ནའང་། དངོས་སུ་ངལ་སེལ་ཛ་དྲག་རོགས་སྐྱོར་ད་ལྟའི་ཆར་བྱུང་མེད་པར་གོང་རིམ་གྱི་བཀའ་སྒུག་རྒྱུ་དང་། ལྷག་པར་ས་གནས་འགོ་འཛིན་དང་དོན་གཅོད་ཚང་མས་བཀའ་མོལ་གྱིས། ཛ་དྲག་མ་དངུལ་དང་འབྲེལ་བའི་ཐོག་ངེས་པར་རྟོག་ཞིབ་དང་རྒྱུས་ལོན་བྱ་རྒྱུ་ང་ཚོའི་ལས་འགན་ཡིན་པས། དེ་ལ་དོ་སྣང་བྱེད་བཞིན་པ་གསུངས་བྱུང་།

mustang flood (3).JPG
བལ་ཡུལ་ནང་གི་གློ་ཚེ་རོགས་རྣམ་རྒྱལ་གླིང་བོད་མིའི་གཞིས་གྲོང་དུ། དེ་སྔ་སྤྱི་ལོ་༢༠༡༩ལོར་ཡང་ཆུ་ལོག་རྒྱུག་སྟེ། ས་ཉིལ་གྱིས་གཞིས་ཆགས་ཀྱི་སྨན་ཁང་དང་སྤྱི་བའི་གསང་སྤྱོད་ཁྲུས་ཁང་། ཟམ་དང་གཞུང་ལམ་བཅས་ལ་གནོད་སྐྱོན་ཤུགས་ཆེ་ཕོག་མྱོང་ཡོད་པ་རེད།


གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༧སྐུའི་གཅེན་པོ་བཀའ་བློན་ཁྲི་ཟུར་རྒྱལ་ལོ་དོན་གྲུབ་མཆོག་དགུང་གྲངས་ ༩༧ ཐོག་དགོངས་པ་རྫོགས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཨ་རི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ནས་ཕྱིར་འཐེན་བྱས་པར་བློ་ཕམ་ཡོད་པའི་གསལ་བསྒྲགས་སྤེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎