བལ་ཡུལ་གྱི་མའོ་ཚོགས་པའི་འགོ་ཁྲིད་ལ་སྐྱོན་བརྗོད།
2012.01.30
༄༅༎ལོ་བཅུའི་རིང་བལ་ཡུལ་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྣེ་འཁྲིད་ཀྱིས་མི་མང་ཆིག་ཁྲི་དྲུག་སྟོང་ཙམ་རྐྱེན་འདས་སུ་བཏང་བའི་བལ་ཡུལ་གྱི་མའོ་ཚོགས་པའི་ཚོགས་གཙོ་པུཤི་པ་ཀ་མལ་རྡ་ཧལ་ ཡིས་རྒྱལ་ས་ཀཐ་མན་དྲུའི་ནང་གི་ཁང་པ་ཆེན་པོ་དང་རྫིགས་པོ་ཞིག་ནང་སྤོས་ཡོད་པའི་སྐྱོན་བརྗོད་ཐོན་བཞག།
པུཤི་པ་ཀ་མལ་རྡ་ཧལ་སྤོ་སའི་ཁང་ཆེན་དེ་བཞིན་བལ་ཡུལ་རྒྱལ་སའི་དཀྱིལ་གྱི་ས་ཆ་གནད་འགག་ཆེ་ས་ཞིག་ཡིན་པ་དང༌། ཁང་ཆེན་དེའི་འོག་འགྲུལ་འཁོར་༡༢ལྷག་ཙམ་བཞག་ས་དང༌། པིང་པོལ་རྩེད་ཁང་ཞིག་ཀྱང་ཡོད་པ་རེད།
མའོ་ཤོག་ཁག་གི་འགོ་ཁྲིད་ཟུར་པ་དང༌། ཆབ་སྲིད་ཉམ་ཞིབ་པ་མུམ་རམ་ཁ་ནལ་ཡིས་ མའོའི་ཚོགས་མི་ཚོས་དེང་སང་ཐོག་མའི་དམིགས་ཡུལ་ནས་ཁ་ཕྱོགས་བསྒྱུར་ཡོད་པ་དང༌། དེ་སྔོན་ཡིན་ན་མའོའི་ཚོགས་མི་ཚོ་སྤྱི་ཚོགས་རིང་ལུགས་པ་ཡིན་ནའང༌། ད་ཆ་ཁོང་ཚོས་རྒྱལ་ཁབ་ཀྱི་དབང་ཆ་འཛིན་མཁན་འབྱོར་ལྡན་གྲལ་རིམ་ལ་མགོ་བཏགས་ཞུས་ཚར་བ་དང༌། ཁོང་ཚོ་ཁ་ནས་གསར་བརྗེ་བ་ཡིན་ཁུལ་བརྗོད་ཀྱི་ཡོད་ནའང་། དོན་དངོས་ལག་ལེན་ཐོག་འགྱུར་བ་ཕྱིན་ཚར་བ་རེད་ཅེས་དཔྱད་པ་གནང་བཞག།
ལོ་གྲངས་༥༨ཡིན་པའི་པུཤི་པ་ཀ་མལ་རྡ་ཧལ་ཐོག་མར་བལ་ཡུལ་ལྷོ་ཕྱོགས་ཁུལ་གྱི་ཞིང་པའི་ཁྱིམས་ཚང་ནང་འཚར་ལོངས་བྱུང་བ་དང༌། མའོ་ཚོགས་པའི་ནང་མ་འཛུལ་གོང་གཞུང་གི་སློབ་གྲྭའི་ནང་དགེ་རྒན་གྱི་ལས་གནས་འཁྱེར་ཡོད་ཅིང༌། ༡༩༩༦ལོར་ཞིང་པ་དབུལ་ཕོངས་ཚོའི་དཀའ་ངལ་མཐོང་ནས་མའོ་ཤོག་ཁག་གིས་ངོ་རྒོལ་སྣེ་འཁྲིད་བྱས་ཏེ། མཐར་༢༠༠༨ལོར་བལ་ཡུལ་རྒྱལ་པོའི་སྲིད་དབང་མགོ་རྟིང་སློག་པ་རེད། རྗེས་སུ་ཁོང་དུས་ཡུན་ཐུང་ཐུང་ཞིག་གི་རིང་བལ་ཡུལ་གྱི་སྲིད་བློན་ལ་འཁོད་ཡོད་ཅིང༌། ད་ཆ་ཁོང་མའོ་ཤོག་ཁག་གི་ཚོགས་གཙོ་དང་གྲོས་ཚོགས་འཐུས་མི་ཡིན་པ་རེད།