ལྷ་ས་བར་གྱི་ལྕགས་ལམ་གྱིས་རྒྱ་གར་ལ་སེམས་འཚབ་ཡོང་བཞིན་པ།

རྒྱ་ནག་གཞུང་གིས་ཁྲིན་ཏུའུ་ནས་ལྷ་ས་བར་རི་ལིའི་མེ་འཁོར་ལྕགས་ལམ་གསར་བསྐྲུན་གནང་གཏན་འཁེལ་བ་དེས་བོད་ཀྱི་ཁོར་ཡུག་ལ་གནོད་སྐྱོན་ཙམ་མིན་པར་རྒྱ་གར་གྱི་བདེ་སྲུང་ལའང་གནོད་སྐྱོན་ཡོང་རྒྱུ་ཡིན་པར་རྒྱ་གར་གྱིས་ཐུགས་འཚབ་གནང་གི་ཡོད་འདུག
དེ་ཡང་རྒྱ་གར་གྱི་Hindustan Times ཞེས་པའི་གསར་ཤོག་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར་རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ཞེས་པའི་མིང་ཙམ་གྱི་རྒྱ་ནག་གི་གྲོས་ཚོགས་ནས་བོད་ཀྱི་རྒྱལ་ས་ལྷ་ས་ནས་ཟི་ཁྲོན་ཞིང་ཆེན་གྱི་རྒྱལ་ས་ཁྲིན་ཏུའུ་བར་རི་ལིའི་ལྕགས་ལམ་གསར་བཟོ་བྱ་རྒྱུའི་ཐག་གཅོད་བྱས་ཡོད་པའི་ཐད། གསར་ཤོག་དེས་ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་བསྒྲགས་གཏམ་ཞིག་སྤེལ་བ་ལུང་འདྲེན་བྱས་ནས་གནས་ཚུལ་སྤེལ་བའི་ནང་། རྒྱ་ནག་གིས་བོད་ནང་མ་འཛུགས་ཆེན་པོ་བྱས་ནས་རི་ལིའི་ལྕགས་ལམ་དང་། གནམ་ཐང་། མོ་ཊའི་འགྲོ་ལམ་སོགས་གསར་རྒྱག་གིས་འཛུགས་བསྐྲུན་ཡར་རྒྱས་གཏོང་ཡག་དེས་བོད་ནང་སྔོན་ཆད་བྱུང་མྱོང་མེད་པའི་ཕྱི་ནས་ཡུལ་སྐོར་སྤྲོ་འཆམ་པ་སླེབས་ཆེད་དང་། བོད་ཀྱི་གཏེར་ཁ་ཁག་སྔོག་བཏོན་བྱ་ཤུགས་ཆེ་རུ་གཏོང་རྒྱུ། དེ་བཞིན་རྒྱ་ནག་གཞུང་གིས་དམག་དོན་ཐབས་ཇུས་ཁག་སྒྲུབ་ཐབས་བྱ་རྒྱུ་སོགས་ཀྱི་ཐད་ལ་དམིགས་ནས་འཛུགས་བསྐྲུན་ཡར་རྒྱས་གཏོང་བ་ཞིག་ཡིན་ལུགས་གསུངས་འདུག
ད་དུང་ཕྱི་ལོ་༢༠༠༦ལོར་མཚོ་སྔོན་ནས་ལྷ་ས་བར་རི་ལིའི་ལྕགས་ལམ་བཟོས་ཟིན་པ་དེའི་ཐོག་ རི་ལིའི་ལྕགས་ལམ་གསར་པ་དེ་ལྷ་སའི་ཤར་ཕྱོགས་ནས་རྒྱ་གར་གྱི་ས་མཚམས་བར་བཟོ་རྒྱུ་ཡིན་པ་རེད། ཐེངས་འདིའི་བོད་ནང་རི་ལིའི་ལྕགས་ལམ་གསར་བཟོའི་ལས་གཞི་དང་པོ་དེ་ལྷ་ས་ནས་ཀོང་པོ་བར་ལྕགས་ལམ་འཐེན་རྒྱུ་ཡིན་པ་དང་། དེ་ནི་ཧ་ཅང་ཚོར་པ་རྣོ་བའི་རྒྱ་གར་གྱི་མངའ་སྡེ་Arunachal Pradeshདང་ཐག་ཉེ་བའི་ས་ཁུལ་ཞིག་ཡིན་པའི་ཆ་ནས་དེས་རྒྱ་གར་གྱི་བདེ་སྲུང་ལ་རྙོག་དྲ་བཟོ་སྲིད་ལུགས་རྒྱ་གར་གྱིས་འགྲེལ་བརྗོད་གནང་གི་ཡོད་པ་རེད། དེ་བཞིན་རི་ལིའི་ལྕགས་ལམ་གསར་བཟོའི་ལས་གཞི་དེས་བོད་ཀྱི་ཁོར་ཡུག་ལའང་གནོད་ཚབས་ཆེན་པོ་བཟོ་རྒྱུ་ཡིན་ལུགས་གསུངས་འདུག

གསར་འགོད་པ་ཚེ་དབང་དངོས་གྲུབ།