ལྷོ་ཕྱོགས་བོད་མིའི་རྐང་སྤོལ་འགྲན་བསྡུར་གྱི་མིང་བརྗེ་ནས་ནི་ཇ་ལིངྒ་པ་དམ་པར་རྗེས་དྲན་ཆེད་འགྲན་བསྡུར་གནང་བཞིན་འདུག

དེ་ཡང་ཟླ་བ་འདིའི་ཕྱི་ཚེས་༡༧་ཉིན་ནས་༢༠་བར་ཉིན་བཞིའི་རིང་། རྒྱ་གར་ལྷོ་ཕྱོགས་ཀོ་ལེ་གྷལ་དོན་ལྡན་གླིང་བོད་མིའི་གཞིས་ཆགས་དབུ་བརྙེས་ཏེ་མི་ལོ་༥༠་འཁོར་བའི་དུས་སྟོན་ཆེད་ལས་རིམ་འདྲ་མིན་སྤེལ་ཡོད་པ་དང་། འདི་ཚེས་༢༠་ཉིན་མཇུག་སྒྲིལ་མཛད་སྒོའི་རྗེས་རྒྱ་གར་ལྷོ་ཕྱོགས་ཀར་ཎ་ཌ་ཀ་མངའ་སྡེའི་ནང་ཆགས་པའི་ལྷོ་ཕྱོགས་གཞིས་ཆགས་ཀྱི་གཙོས། ལྷོ་ཕྱོགས་ཁུལ་གྱི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་གནང་བཞིན་ཡོད་པ་དེ་ཉིད་ཉེ་ལམ་སྦེང་ལོར་ལྷོ་སྤྱི་གཙོས་པས་ལྷོ་ཕྱོགས་བོད་མིའི་གཞིས་སྒར་ཁག་གི་ས་གནས་འགོ་འཛིན་དང་རྩེད་མོ་ཚོགས་པའི་ཚོགས་གཙོ་རྣམ་པ་ལྷན་འཛོམས་ཀྱི་ཐོག ལྷོ་ཕྱོགས་བོད་མིའི་རྐང་རྩེད་སྤོ་ལོ་འགྲན་བསྡུར་གནང་བཞིན་པ་དེའི་མིང་ཡང་རྒྱ་གར་ལྷོ་ཕྱོགས་ཀར་ན་ཌ་ཀ་མངའ་སྡེའི་ནང་བོད་མི་རྣམས་ཀྱི་ཆེད་ཐོག་མར་གཞིས་ཆགས་འཛུགས་རྒྱུའི་ངོས་བཞེས་ཀྱི་མཐུན་འགྱུར་རྒྱབ་སྐྱོར་གནང་མཁན་ཀར་ན་ཌ་ཀ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ནི་ཇ་ལིངྒཔ་(CM Nijalingappa)་དམ་པ་དེ་ཉིད་ཀྱི་བཀའ་དྲིན་རྗེས་དྲན་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཞེས་མིང་བཏགས་པ་སྤྱི་མོས་ཐག་གཅོད་བྱུང་ཡོད་པ། ཀོ་ལེ་གྷལ་དོན་ལྡན་གླིང་ས་གནས་འགོ་འཛིན་དགེ་ལེགས་འབྱུང་གནས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་བྱུང་།
ཁོང་གིས་མུ་མཐུད་དུ་གསུངས་ན། ཕྱི་ལོ་༡༩༥༦་ལོར་རྒྱ་གར་ནང་སྟོན་པ་སྐུ་འཁྲུངས་ནས་ལོ་ངོ་༢༥༠༠་འཁོར་བའི་མཛད་སྒོའི་ཐོག སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གདན་ཞུ་ལྟར་ཆེད་ཕེབས་གནང་སྐབས། ཀར་ན་ཌ་ཀ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ནི་ཇ་ལིངྒ་པ་དམ་པ་དེ་ཉིད་མཇལ་འཕྲད་བྱུང་ཞིང་། སྐབས་དེར་ནི་ཇ་ལིངྒ་པ་ལགས་ནས་༧གོང་ས་མཆོག་ལ་དད་གུས་ཤུགས་ཆེ་ཞུས་པ་ལྟར། མགོན་པ་གང་ཉིད་ནས་ཀྱང་ཐུགས་དགྱེས་ཚོར་ཆེན་པོ་བྱུང་སྐོར་འགྲེལ་བརྗོད་དང་འབྲེལ། དེའི་རྗེས་བོད་ནང་རྒྱ་ནག་གིས་བཙན་འཛུལ་བྱས་བ་དང་བོད་མི་མང་པོ་རྒྱ་གར་ནང་སྐྱབས་བཅོལ་དུ་འབྱོར་བའི་རྗེས་སུ། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་སྲིད་བློན་དམ་པ་ནེ་རུ་མཆོག་ལ་བོད་མིའི་གཞིས་ཆགས་འཛུགས་རྒྱུའི་དགོངས་གཞི་རེ་སྐུལ་ལྟར། རྒྱ་གར་གྱི་མངའ་སྡེ་ཁག་གི་ནང་ནས་ཀར་ཎ་ཀ་མངའ་སྡེ་སྤྱི་བློན་ཆེན་ནི་ཇ་ལིངྒ་པ་མཆོག་ནས་ཞལ་བཞེས་བཟང་པོ་ཐོབ་ནས་ད་ལྟའི་གནས་སྟངས་བཟང་པོ་བྱུང་བ་འགྲེལ་བརྗོད་གནང་བྱུང་།
འདི་ཚེས་༢༠་ཉིན་རྐང་རྩེད་སྤོ་ལོའི་འགྲན་བསྡུར་གྱི་དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་ནི་ཇ་ལིངྒ་པ་ཐེབས་རྩ་ཚོགས་པའི་དྲུང་ཆེ་(H Hanumanthapa)་ལགས་དང་། ནི་ཇ་ལིངྒ་པའི་ཚ་བོ་(S.G Manjunath)་ལགས། བོད་མི་མང་སྤྱི་འཐུས་ཚོགས་གཞོན་དང་ཕྱོགས་བཞུགས་སྤྱི་འཐུས་གཙོས་བོད་མི་སེར་སྐྱ་མི་མང་གཟིགས་མོར་ཕེབས་གནང་འདུག
ནི་ཇ་ལིངྒ་པ་ཐེབས་རྩའི་དྲུང་ཆེ་(H Hunumanthapa)་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། ངོས་རང་ད་རེས་ནི་ཇ་ལིངྒ་པ་རྗེས་དྲན་གྱི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་གྱི་མཛད་སྒོའི་ནང་ཞུགས་ཐུབ་པར་ཧ་ཅང་དགའ་པོ་བྱུང་། རྒྱ་གར་གྱི་སྲིད་བློན་ནེ་རུ་ཡི་རེ་སྐུལ་ལྟར་ནི་ཇ་ལིངྒ་པ་དམ་པ་དེ་ཉིད་ཀྱིས་བོད་ནང་རྒྱ་མིའི་བཙན་འཛུལ་དྲག་གནོན་འོག་བོད་མི་རྣམས་སྐྱབས་བཅོལ་དུ་གྱར་དགོས་པའི་དཀའ་ངལ་གནས་སྟངས་ལ་གཟིགས་ཏེ་ཁོང་གིས་ཀར་ན་ཌ་ཀ་མངའ་སྡེའི་ནང་བོད་མི་གཞིས་སྒར་བཙུགས་རྒྱུའི་ངོས་བཞེས་གནང་ཡོད་སྐོར་གསུང་གནང་བྱུང་།
རྒྱ་གར་ལྷོ་ཕྱོགས་ཀར་ན་ཌ་ཀ་མངའ་སྡེའི་ནང་བོད་མིའི་གཞིས་ཆགས་ཐོག་མ་དེ་ནི་སྦེ་ལ་ཀོ་པི་ལུགས་བསམ་དང་། དེ་ནས་མོན་གྷོ་འདོད་རྒུ་གླིང་། དེའི་རྗེས་སྦེ་ལ་ཀོ་པི་བདེ་སྐྱིད་སླར་གསོ་དང་ཧོན་སུར་རབ་རྒྱས་གླིང་། ཀོ་ལེ་གྷལ་དོན་ལྡན་གླིང་བཅས་བོད་མིའི་གཞིས་ཆགས་ཁག་ལྔ་སྔ་རྗེས་རིམ་པས་བཙུགས་གནང་ཡོད་པ་རེད་ལ། ད་ལན་ནི་ཇ་ལིངྒ་པ་ཡི་རྗེས་དྲན་རྐང་རྩེད་སྤོ་ལོ་འགྲན་བསྡུར་གྱི་ནང་ལྷོ་ཕྱོགས་ཁུལ་གྱི་རྐང་སྤོ་ལོའི་རུ་ཁག་བརྒྱད་མཉམ་ཞུགས་གནང་ཏེ་མཐའ་མའི་འགྲན་བསྡུར་དེ་ཕྱི་ཟླ་༣་པའི་ཚེས་༡་ཉིན་གནང་གི་ཡོད་པ་རེད་འདུག
གསར་འགོད་པ། པདྨ་དངོས་གྲུབ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།