རེབ་གོང་ཕྱོགས་ཀྱི་བོད་མི་དགུ་བོ་གློད་གྲོལ་ཡོང་ཐབས་ཀྱི་ལས་འགུལ།
2019.05.23
བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་དང་ Habitat International Coaliation ཞེས་པ་རྒྱལ་སྤྱིའི་སྒྲིག་འཛུགས་ཐོུང་གི་ཐོག་ནས་རྒྱ་ནག་གཞུང་གིས་ཉེ་སྔོན་བོད་མདོ་སྨད་རེབ་གོང་ཧོར་རྒྱལ་གྲོང་ཚོ་ནས་ཡིན་པའི་ས་ཆའི་བདག་དབང་སྲུང་སྐྱོབ་བྱ་མཁན་བོད་མི་དགུར་བཙོན་འཇུག་ཁྲིམས་ཐག་བཅད་པ་དེ་དག་གློད་གྲོལ་ཡོང་ཐབས་ཀྱི་ཟུང་སྦྲེལ་ལས་འགུལ་ཞིག་འགོ་བཙུགས་འདུག Habitat International Coaliation ཟེར་བའི་ཚོགས་པ་འདི་ནི་འཛམ་གླིང་ནང་སྤྱི་ཚོགས་དང་སྡོད་གནས་ཀྱི་ཐོབ་ཐང་སྲུང་སྐྱོབ་བྱ་མཁན་རྒྱལ་སྤྱིའི་ཚོགས་པ་ཞིག་ཡིན་པ་རེད།
ཕྱི་ལོ་༢༠༡༨ལོར། རྒྱ་ནག་གཞུང་གིས་དབྱེ་བའི་མཚོ་སྔོན་ཞིང་ཆེན་མདོ་སྨད་རེབ་གོང་ཁུལ་གྱི་ས་ཆའི་བདག་དབང་རྩོད་མཁན་བོད་མི་དགུ་ལ། ནག་ཅན་གྱི་ལས་འགུལ་སྤེལ་བའི་སྐྱོན་འཛུགས་འོག་འཛིན་བཟུང་བྱས་ཡོད་པ་དང་། ཕྱི་ཟླ་༤པའི་ཚེས་ ༡༩ ཉིན་མཚོ་སྔོན་རྨ་ལྷོ་རང་སྐྱོང་ཁུལ་རེབ་གོང་རྗོང་མི་དམངས་ཁྲིམས་ཁང་ནས། བོད་མི་དེ་དག་ལ་ལོ་༡༠ནས་༡༤བར་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད། ཁྲིམས་ཁང་གིས་བོད་མི་དེ་དག་ལ་ཁྲིམས་འགལ་གྱི་ཚོགས་པ་གསར་འཛུགས་བྱས་པ་དང་། བཙན་བཤེད་ཀྱི་ཚོང་འབྲེལ་དང་མ་དངུལ་བཙན་འཕྲོག་བྱས་སྟེ་སྤྱི་ཚོགས་བརྟན་ལྷིང་ལ་གནོད་འཚེ་བཏང་བའི་ནག་ཉེས་བཙུགས་ཡོད་འདུག
བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་དང་། Habitat International Coaliation ཚོགས་པ་གཉིས་ཀྱིས་ཕྱི་ཟླ་ ༥ ཚེས་ ༢༣ ཉིན་སྙན་ཐོ་དང་སྒྲགས་གཏམ་ཞིག་སྤེལ་ཡོད་པ་དེའི་ནང་། རྒྱ་ནག་གི་ཁྲིམས་ཁང་ནས་བརྗོད་པའི་སྡུག་སྤྱོད་ཀྱི་ཚོགས་པ་ཞེས་འབོད་པ་དེ་ནི་དངོས་ཡོད་ཐོག་ས་གནས་ནང་ས་ཆ་སྲུང་སྐྱོབ་ཀྱི་ཚོགས་པ་ཡིན་པ་བརྗོད་ཡོད་ཅིང་། དེ་ཡང་དེ་སྔ་སྤྱི་ལོ་༢༠༡༡ལོར། ས་གནས་རྒྱ་ནག་གཞུང་གི་དབང་འཛིན་པ་ཚོས་ས་གནས་མི་མང་གི་ས་ཆ་བཙན་བཟུང་བྱས་པའི་རྗེས། ས་གནས་ཀྱི་ཡུལ་མིས་ས་གནས་གཞུང་གིས་བཙན་འཕྲོག་བྱས་པའི་བོད་མིའི་ས་ཆ་དེ་དག་ཕྱིར་ལོག་རྩིས་སྤྲོད་དགོས་པའི་ལས་འགུལ་སྤེལ་ཡོད་པ་དང་། ད་རེས་ཁྲིམས་ཁང་གི་ཐག་གཅོད་དེ་ནི། བོད་མིིའི་ས་སྲུང་ལས་འགུལ་འགོག་ཐབས་ཞིག་ཡིན་པ་གནས་ཚུལ་ནང་གསལ་འདུག
བཙོན་འཇུག་གི་ཁྲིམས་ཆད་ཕོག་པའི་བོད་མི་དགུ་པོ་རྣམས་ནི། དགེ་འདུན་བཟོད་པ་དང༌། ཆོས་བཟང༌། བན་བདེ་རྡོ་རྗེ། བཀྲིས་ཚེ་རིང་། བསོད་ནམས་རྒྱལ། དར་རྒྱས། ཤ་བོ་ཚེ་རིང༌། ཁ་བྱམས་རྒྱལ། འབྲུག་ཚེ་རིང་བཅས་ཡིན་ཞིང་། ཁོང་རྣམས་ནི་ཧོར་རྒྱལ་དང་། རེབ་ཀོང་རྫོང་བཅས་ནས་ཡིན་འདུག