༸གོང་ས་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་མི་ལོ་༣༤འཁོར་བ།

2023.12.09
༸གོང་ས་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་མི་ལོ་༣༤འཁོར་བ། ཕྱི་ལོ་༡༩༨༩ ལོར་༸གོང་ས་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་སྐབས། ༡༩༨༩།༡༢།༡༠
ཨེ་ཨེཕ་པི།

ཕྱི་ཟླ་བཅུ་༡༢ཚེས་༡༠ཉིན་མོ་འདི་ནི་རྒྱལ་སྤྱིའི་ཁྱོན་ཡོངས་སུ་འགྲོ་བ་མིའི་ཐོབ་ཐང་ཉིན་མོར་སྲུང་བརྩི་ཞུ་བའི་ཉིན་མོ་ཞིག་ཡིན་ནའང། བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚོར་ཉིན་མོ་འདི་ནི་བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དེ་སྔ་ཕྱི་ལོ་ ༡༩༨༩ ལོར་འཛམ་གླིང་ནང་ཆེས་སྙན་གྲགས་ཅན་གྱི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་པའི་སྐལ་བཟང་གི་ཉིན་མོ་ཞིག་ཆགས་ཀྱི་ཡོད། ཕྱི་ལོ་ ༢༠༢༣ ལོ་འདི་ནི་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཕུལ་ནས་ལོ་ངོ་༣༤ འཁོར་བའི་དུས་ཚིགས་ཞིག་ཡིན་པ་རེད།
ལོ་ངོ་༣༤ གོང་ཕྱི་ཟླ་༡༢ཚེས་༡༠ཉིན་མོར་ནོར་ཝེ་རྒྱལ་ཁབ་ཀྱི་གཟི་བརྗིད་ལྡན་པའི་ཚོགས་ཁང་ཞིག་གི་ནང་ནོར་ཝེ་ཡུལ་གྱི་རྒྱལ་པོ་དང་རྒྱལ་མོ། དེ་བཞིན་རྒྱལ་ཁབ་ཀྱི་དབུ་འཁྲིད། གནད་ཡོད་མི་སྣ་མང་དག་ཞིག་ལྷན་འཛོམས་གནང་བའི་དབུས་སུ་བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཆེས་གུས་ཞབས་དང་ཆེ་མཐོང་གི་ཐོག་ནས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཚོགས་ཆུང་གི་ཚོགས་གཙོ་མཆོག་ནས་གཟེངས་རྟག་འབུལ་དགོས་པའི་ཆེ་བསྟོད་ཀྱི་གསུང་བཤད་གནང་སྐབས། ད་རིང་སྐུ་ཉིད་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་ཀྱི་ཉིན་མོ་འདི་ནི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་སྲུང་བརྩི་ཞུ་བའི་ཉིན་མོ་ཞིག་ཀྱང་འཁེལ་གྱི་ཡོད་སྟབས་དུས་ཚིགས་འདི་ཡང་གལ་ཆེན་པོ་ཞིག་ཆགས་ཀྱི་ཡོད་ཅེས་གསུངས་པ་དང་། ཁོང་གིས་ད་དུང་། དུས་ཚིགས་དང་གཟེངས་རྟག་ཁྱད་པར་ཅན་འདི་འབུལ་ཡུལ་གྱིས་བདེན་མཐའ་སེལ་ཐབས་སུ་འཚེ་མེད་ཞི་བ་དང་འགྲོ་བ་མིའི་ཐོབ་ཐང་གཞིར་བཞག་ཐོག་ནས་རྩོད་ལེན་དང་ཁྱབ་སྤེལ་གནང་མཁན་ཞིག་ཡིན་དུས་འོས་བབས་ཆེན་པོ་ཞིག་ཀྱང་ཡིན་པ་བརྗོད་མི་དགོས་པ་རེད་ཅེས་གསུངས་ཏེ་བོད་ཀྱི་༧གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལ་འབུལ་གྱི་ཡོད་ཅེས་བསྒྲོགས་སྦྱང་གནང་ཏེ་གཟེངས་རྟགས་དེ་༧གོང་ས་མཆོག་ལ་འབུལ་ལམ་ཞུས་ཡོད་པ་རེད། ཕྱི་ལོ་ ༡༩༨༩ ཟླ་༡༢ ཚེས་༡༠ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་དེ་ཕྱིར་རྒྱ་གར་ལ་ཞབས་སོར་འཁོད་པའི་སྐབས་རྒྱལ་ས་ལྡི་ལིའི་གནམ་ཐང་ནས་བོད་མི་སྟོང་ཕྲག་མང་པོས་ཕེབས་བསུའི་སྣེ་ལེན་ཞུས་ཡོད་པ་དང་། རིམ་པས་བཞུགས་སྒར་དང་བཙན་བྱོལ་བོད་གཞུང་གི་བསྟི་གནས་ཆགས་ཡུལ། དེ་དང་ཕྱོགས་མཚུངས་བོད་མི་གནས་ཡུལ་གཞིས་ཆགས་ཆེ་ཆུང་ཚང་མའི་ནང་བོད་མི་ཚོས་དགའ་སྤྲོའི་རྣམ་པས་འཁེངས་ཏེ་སྲུང་བརྩི་ཞུས་པ་དང་། ས་གནས་ཡུལ་མི་ཚོས་ཀྱང་མཉམ་ཞུགས་བྱས་པ་སོགས་བོད་མི་ཡོད་དོ་ལྕོག་གི་བསམ་ཡུལ་ལས་འདས་པའི་དགའ་འཚོར་ཆེན་པོ་ཞུས་ཡོད་པ་ནི་བོད་ཀྱི་ལོ་རྒྱུས་སྟེང་གསེར་ཡིག་བྲིས་པ་ལྟ་བུ་བྱུང་ཡོད་པ་རེད་ལ་དུས་ད་ལྟ་ལོ་ངོ་༣༤ རྗེས་སུའང་ཉིན་མོ་འདིར་བོད་མི་དང་ཕྱི་རྒྱལ་རྒྱབ་སྐྱོར་བ། དད་ལྡན་ནང་པ་བཅས་ནས་ཀྱང་མཉམ་ཞུགས་ཀྱི་སྲུང་བརྩི་ཞུ་བའི་ཉིན་མོ་ཞིག་ཏུ་གྱུར་ཡོད་པ་རེད།

གསར་འགོད་པ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
སྡེ་དགེ་དབོན་སྟོད་ཁུལ་དུ་ཁྱོན་མི་གྲངས་༡༠༠༠ལྷག་རྒྱ་ནག་གི་ཉེན་རྟོག་པས་འཛིན་བཟུང་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎