གནས་མཆོག་རྡོ་རྗེ་གདན་དུ་སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོ་སྐབས་ ༣༦ པ་འཚོག་བཞིན་འདུག

2025.01.31
གནས་མཆོག་རྡོ་རྗེ་གདན་དུ་སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོ་སྐབས་ ༣༦ པ་འཚོག་བཞིན་འདུག སྔ་འགྱུར་རྙིང་མའི་སྨོན་ལམ་རྡོར་གདན་དུ་འཚོག་བཞིན་པ།
རྙིང་མ་སྨོན་ལམ་ཚོགས་པ།

རྒྱ་བལ་འབྲུག་གསུམ་གྱི་རྙིང་མའི་དགོན་སྡེ་ཉིས་བརྒྱ་ལྷག་ནས་དགེ་འདུན་པའི་ཞལ་གྲངས་ལྔ་སྟོང་ལྷག་ལྷན་ཞུགས་ཐོག་གནས་མཆོག་རྡོ་རྗེ་གདན་དུ་སྔ་འགྱུར་རྙིང་མའི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་སྐབས ༣༦ པ་དབུ་འཛུགས་གནང་འདུག

དེ་ཡང་ཟླ་འདིའི་ཕྱི་ཚེས་ ༢༩ ནས་དབུ་འཛུགས་ཀྱིས་ཟླ་གཉིས་པའི་ཚེས་ ༠༧ བར་ཉིན་གྲངས་བཅུའི་རིང་གནས་མཆོག་རྡོ་རྗེ་གདན་དུ་དཔལ་གསང་ཆེན་སྔ་འགྱུར་རྙིང་མའི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་སྐབས ༣༦ པ་འཚོག་བཞིན་ཡོད་པ་དང་། ཐེངས་འདིའི་སྨོན་ལམ་ཆེན་མོའི་སྟེང་རྒྱ་བལ་འབྲུག་གསུམ་ནས་རྙིང་མའི་གདན་ས་དང་དགོན་སྡེ་ཆེ་ཁག་ ༢༡༧ ནས་དགེ་འདུན་པ་དང་བཙུན་མ་སྟོང་ཕྲག་ལྔ་ལྷག་གིས་མཉམ་ཞུགས་གནང་ཡོད་སྐོར་སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོའི་དྲུང་ཆེ་མཁན་པོ་འགྱུར་མེད་ཚུལ་ཁྲིམས་ལགས་ཀྱིས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

ཡང་དྲུང་ཆེ་མཁན་པོ་འགྱུར་མེད་ལགས་ཀྱིས་མུ་མཐུད་གསུངས་དོན་ལ། སྔ་འགྱུར་རྙིང་མའི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་ཚོགས་དགོས་པའི་དམིགས་ཡུལ་གཙོ་བོ་ནི། ཉམས་མེད་བུ་རམ་ཤིང་པའི་ལུང་རྟོག་གི་བསྟན་པ་རིན་པོ་ཆེ་སྤྱི་དང་། བྱེ་བྲག་གངས་ཅན་རྒྱལ་བསྟན་ཡོངས་རྫོགས་ཀྱི་ཕྱི་མོ་མཁན་སློབ་ཆོས་གསུམ་གྱི་རིང་ལུགས་དྲི་མ་མེད་པ། སྔ་འགྱུར་བའི་བསྟན་པ་མི་ཉམས་དར་ཞིང་ཕྱོགས་མཐར་རྒྱས་པ་དང་། བསྟན་པ་དེ་འཛིན་ཡོངས་ཀྱི་གཙུག་ནོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གཙོས་པའི་བསྟན་འཛིན་གྱི་སྐྱེས་བུ་ཡོངས་སྐུ་ཚེ་བརྟན་ཆེད་ཡིན་པ་འགྲེལ་བརྗོད་གནང་བྱུང་།

ཐེངས་འདིའི་སྨོན་ལམ་ཆེན་མོ་དེ་བཞིན་སྡེ་ཁག་བཞི་ལ་བགོས་ཏེ་ཚོགས་ཀྱི་ཡོད་པ་དང་། དེའི་ཁྲོད་བྱང་ཆུབ་མཆོད་རྟེན་ཆེན་མོའི་ཤར་ཕྱོགས་ལ་སྒོ་ཆེན་སྤྲུལ་སྐུ་རིན་པོ་ཆེ་དབུ་བཞུགས་ཐོག་བཙུན་མའི་སྡེ་ཚན་ནས་སྨོན་ལམ་ཚོགས་ཀྱི་ཡོད་པ་དང་། ལྷོ་ཕྱོགས་ལ་རྒྱལ་སྤྱིའི་བཟང་སྤྱོད་སྨོན་ལམ་ཆེན་མོའི་ཚོགས་གཙོ་སྐྱབས་རྗེ་ཞེ་ཆེན་རབ་འབྱམས་རིན་པོ་ཆེ་དང་། སྨིན་གླིང་མཁན་ཆེན་རིན་པོ་ཆེ།  སྤྲུལ་སྐུ་པད་རྣམ་རིན་པོ་ཆེ་རྣམས་ཀྱི་གཙོས་པའི་སྨིན་གྲོལ་གླིང་གི་དགེ་འདུན་པ་གཙོ་བོ་བྱས་ཏེ། མགོན་སྡེ་ཁག་མང་དག་ཅིག་ཉམས་ཞུགས་གནང་སྟེ་འཚོག་བཞིན་ཡོད་ལ། ནུབ་ཕྱོགས་ལ་རྣམ་གྲོལ་གླིང་གི་མཁན་སྤྲུལ་གྱང་ཁང་རིན་པོ་ཆེ་དང་། སྐྱབས་རྗེ་སྨུག་སངས་རིན་པོ་ཆེ་གཉིས་ཀྱི་དབུ་ཞུགས་ཐོག་བྱང་ཆུབ་ཤིང་གི་དྲུང་དུ་རྣམ་གྲོལ་གླིང་དགོན་པའི་དགེ་བདུན་པ་གཙོ་བོ་བྱས་ཏེ་ཚོགས་ཀྱི་ཡོད་འདུག་ལ། བྱང་ཕྱོགས་ལ་ཨུ་རི་ས་ནས་སྐྱབས་རྗེ་འགྱེས་སྤྲུལ་འཇིགས་མེད་རྣམ་རྒྱལ་རིན་པོ་ཆེ་དབུ་བཞུགས་ཐོག་སྔགས་པ་རྣམས་ཀྱི་སྨོན་ལམ་ཚོགས་གནང་གི་ཡོད་འདུག

གཞི་རྩའི་རྙིང་མའི་སྨོན་ལམ་ཆེན་མོ་ནི་ཆོས་རྗེ་དར་ཐང་སྤྲུལ་སྐུ་རིན་པོ་ཆེན་སྐུ་སྒེར་ནས་སྦྱིན་བདག་གནང་ཐོག་དབུ་ཚུགས་གནང་ཡོད་པ་དང་། ཐོག་མར་ཁོང་གིས་སྦྱིན་བདག་གནང་བའི་ཐོག་བལ་ཡུལ་ལ་བཤད་གྲྭ་གཅིག་བཙུགས་ཡོད་ཅིང་། དེའི་ནང་དགེ་འདུན་པ་རྣམས་ཀྱིས་འགན་འཁུར་པའི་ཐོག་ནས་དེའི་སྐབས་སྐྱབས་རྗེ་གྲུབ་དབང་པད་ནོར་རིན་པོ་ཆེ་དང་། སྐྱབས་རྗེ་བྱ་བྲལ་རིན་པོ་ཆེ།  རྨེ་བ་མཁན་པོ་ཐུབ་བསྟན་རིན་པོ་ཆེ། དེ་བཞིན་རྒྱ་གར་གྱི་རྙིང་མའི་མགོན་པ་ཆེ་ཁག་གདན་ཞུ་ཐོག་ཐོག་མར་ཕྱི་ལོ་ ༡༩༨༩ ལོར་དབུ་འཛུགས་གནང་བ་ཞིག་རེད་འདུག །

གསར་འགོད་པ། ཚེ་རིང་རྣམ་རྒྱལ།

རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ། 

དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱལ་སྤྱིའི་གསར་འགྱུར་རང་དབང་རྩོད་ལེན་ཚོགས་སྡེ་ཁག་གིས་ཨ་རིའི་གཞུང་འཛིན་གསར་པས་ཨ་རིའི་གོ་ལའི་བརྒྱུད་ལམ་ལས་ཁུངས་མེད་པར་བཟོ་རྒྱུའི་ཐག་གཅོད་ལ་སྐྱོན་བརྗོད་དང་རྒྱ་ནག་གི་གསར་ལམ་ནང་དགའ་བསུ་བྱས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་དོན་ཞུ་གཏུག་མཐུན་ཚོགས་ནས་རྒྱ་གར་གྲོས་ཚོགས་གོང་འོག་ནང་བོད་དོན་གླེང་སློང་ཡོང་ཆེད་ལྡི་ལིར་བོད་དོན་ཞུ་གཏུག་གནང་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎