སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་རྣམ་པས་དམ་འབུལ།


2016.05.30
སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་རྣམ་པས་དམ་འབུལ་གནང་སྐབས། ༢༠༡༦།༥།༣༠ སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་རྣམ་པས་དམ་འབུལ་གནང་སྐབས། ༢༠༡༦།༥།༣༠
འཇིགས་མེད་སྙན་གྲགས།/RFA

དེ་ཡང་ཕྱི་ཟླ་ལྔ་པའི་ཚེས་༣༠་གཟའ་ལྷག་པའི་ཉིན། བོད་མི་མང་སྐབས་བཅུ་དྲུག་པའི་འཐུས་མིར་བདམས་ཐོན་བྱུང་བའི་སྤྱི་འཐུས་རྣམས་ཀྱིས་བར་བརྒལ་སྤྱི་འཐུས་ཚོགས་གཙོ་པད་མ་འབྱུང་གནས་མཆོག་གི་མདུན་དུ་ལས་ཁུར་དམ་བཅའ་ཕུལ་ཡོད་པ་རེད་།
གསར་དུ་བདམས་ཐོན་བྱུང་བའི་སྤྱི་འཐུས་རྣམས་ཀྱིས་དམ་བཅའ་འབུལ་བཞེས་མ་གནང་བའི་གོང་། ཐོག་མར་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ཞིབ་ཆེ་བ་བཀའ་བརྒྱུད་དོན་འགྲུབ་མཆོག་གི་མདུན་དུ། སྐབས་བཅུ་དྲུག་པའི་སྤྱི་འཐུས་བདམས་ཐོན་བྱུང་བའི་སྤྱི་འཐུས་པད་མ་འབྱུང་གནས་མཆོག་གིས། བར་བརྒལ་སྤྱི་འཐུས་ཚོགས་གཙོའི་དམ་འབུལ་ཞུས་ཡོད་འདུག དེ་ནས་རིམ་བཞིན་སྤྱི་འཐུས་ཚོགས་ཁང་ནང་སྐབས་བཅུ་དྲུག་པའི་སྤྱི་འཐུས་རྣམས་ནས་ཆོས་བརྒྱུད་དང་། ཆོལ་ཁ་གསུམ་། ཨ་རི་དང་ཡོ་རོབ་། ཨོ་སེ་ཀྲེ་ལ་བཅས་ཀྱི་སྤྱི་འཐུས་ཚོས་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་དར་ཕུལ་ནས་ལུགས་སྲོལ་སྒྲིག་གཞི་ལྟར། དམ་བཅའ་འབུལ་བཞེས་གནང་ནས་རྟེན་འབྲེལ་མཛད་སྒོ་གནང་ཡོད་པ་རེད།
དམ་འབུལ་མཛད་སྒོ་གྲུབ་བའི་རྗེས་སུ་བར་བརྒལ་ཚོགས་གཙོ་མཆོག་གིས། ང་ཚོས་དེ་རིང་བཅའ་ཁྲིམས་དགོངས་དོན་འགལ་མེད་ཀྱིས་ཕྱག་ལས་གནང་གི་ཡིན་ཞེས་དམ་བཅའ་ཕུལ་བ་རེད། དེར་བརྟེན་བཅའ་ཁྲིམས་ནང་ཡོད་པ་དེ་དག་ང་ཚོ་ཚང་མས་ཡག་པོ་བྱས་ནས་རྟོགས་པ་གནང་རྒྱུ་ཧ་ཅང་གལ་ཆེན་པོ་རེད་ཞུ་རྒྱུ་ཡིན། དེ་རིང་ནས་བཟུང་ང་ཚོ་ལོ་ལྔའི་རིང་བོད་མི་མང་སྐབས་བཅུ་དྲུག་པའི་སྤྱི་འཐུས་ཆགས་པ་རེད། རྒྱ་ཆེའི་མང་ཚོགས་ཀྱི་ང་ཚོར་རེ་བ་བཅོལ་བ་ལྟར། ཆོལ་གསུམ་ཆོས་ལུགས་དང་བཅས་པ་དམ་ཚིག་རྡོག་རྩ་ཆིག་སྒྲིལ་གྱི་ཐོག་ནས་ཕྱག་ལས་གནང་རྒྱུ་ཧ་ཅང་གལ་ཆེན་པོ་རེད་ཅེས་གསུང་བཤད་གནང་འདུག
ཤེས་གསལ་ལྟར་ན། ད་རིང་ཉིན་རྒྱབ་སྤྱི་འཐུས་རྣམས་ཀྱིས་སྤྱི་འཐུས་ཚོགས་གཙོ་བགྲེས་གཞོན་རྣམ་གཉིས་འོས་འདེམས་དང་། དེ་ནས་ཚེས་༣༡་ཉིན་ཁོང་རྣམ་གཉིས་དམ་འབུལ་དང་། རིམ་པས་ཕྱི་ཟླ་དྲུག་པའི་ཚེས་༡་ཉིན་བཀའ་ཤག་སྐབས་བཅོ་ལྔ་པའི་བཀའ་བློན་རྣམ་པའི་མཚན་ཐོ་གྲོས་ཚོགས་སུ་སྙན་སེང་ཞུ་གི་ཡོད་འདུག།

གསར་འགོད་པ་རིག་འཛིན་ཆོས་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བྷེལ་ཇམ་གྱི་མི་སེར་ཡིན་པ་བོད་མི་ཞིག་བོད་ལ་གཉེན་འཕྲད་དུ་བསྐྱོད་སྐབས་ཧྲང་ཧེ་གནམ་ཐང་ནས་ཕྱིར་སློག་བྱས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཆོས་རིག་དྲུང་ཆེ་འཆི་མེད་ཚེ་དབྱངས་ལགས་དགུང་གྲངས་༥༢ཐོག་འདས་གྲོངས་སུ་ཕྱིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎