མངའ་དབང་ལ་དྲག་རྒོལ་འབྱུང་ཚེ་ཨ་རིས་སྲུང་སྐྱོབ་བྱེད་རྒྱུ།
2014.04.24
ཉི་ཧོང་གི་མངའ་དབང་གནས་བབས་ལ་དྲག་རྒོལ་འབྱུང་ཚེ་ཨ་མི་རི་ཀས་སྲུང་སྐྱོབ་ཀྱི་རོགས་རམ་གནང་རྒྱུ་ཡིན་པ་གསུངས་འདུག
དེ་ཡང་ཨ་མི་རི་ཀའི་སྲིད་འཛིན་བྷ་རཀ་ཨོ་བྷ་མ་མཆོག་ཉི་ཧོང་དུ་རྒྱལ་དོན་འཚམས་གཟིགས་སུ་ཕེབས་ཡོད་ཅིང་། འདི་ནི་སྲིད་འཛིན་གྱི་ཨེ་ཤེ་ཡའི་ཡུལ་གྲུ་བཞིའི་འཚམས་གཟིགས་ཀྱི་ཐོག་མ་དེ་ཡིན་པ་རེད། གཟའ་ཕུར་བུའི་ཉིན་ཨ་རིའི་སྲིད་འཛིན་གྱིས་ཨ་མི་རི་ཀས་ཉི་ཧོང་དང་ཨ་རིའི་དབར་བཞག་པའི་རྒྱལ་དོན་སྲུང་སྐྱོབ་ཀྱི་གན་རྒྱའི་ནང་གསལ་བ་བཞིན་ཉི་ཧོང་གི་མཚོ་ཁུལ་འཛིན་སྐྱོང་འོག་ཡོད་པའི་མཚོ་གླིང་སོགས་ཚུད་པའི་མངའ་དབང་གི་གནས་བབས་ལ་དྲག་རྒོལ་འབྱུང་ཚེ་ཨ་མི་རི་ཀས་སྲུང་སྐྱོབ་ཀྱི་རོགས་རམ་གནང་རྒྱུ་ཡིན་པ་གསལ་པོར་གསུངས་ཡོད་པ་རེད། རྒྱ་ནག་གིས་ཨ་མི་རི་ཀའི་སྲིད་འཛིན་གྱི་གཏམ་བཤད་དེ་ནི་རྒྱ་ནག་དང་ཉི་ཧོང་དབར་ཤར་རྒྱ་ནག་རྒྱ་མཚོའི་ནང་གི་མཚོ་གླིང་བདག་དབང་གི་རྩོད་གཞིའི་ནང་བར་གནས་མི་བྱེད་པར་ཉི་ཧོང་ལ་ཕྱོགས་པ་ཞིག་མཚོན་པའི་སྐྱོན་བརྗོད་བྱས་འདུག གནད་དོན་དབྱེ་ཞིབ་པ་ཚོས་ཐེངས་འདིའི་ཨ་རིའི་སྲིད་འཛིན་གྱིས་ཉི་ཧོང་དང་ལྷོ་ཀོ་རི་ཡ། མཱ་ལེ་ཤི་ཡ། ཧྥི་ལེ་ཕིན་བཅས་སུ་འཚམས་གཟིགས་གནང་རྒྱུ་འདི་ནི་ཨ་མི་རི་ཀའི་ཕྱི་འབྲེལ་སྲིད་བྱུས་ནང་ཨེ་ཤེ་ཡའི་མངའ་ཁུལ་འདི་གཙོ་བཟུང་གནང་རྒྱུའི་ལས་འཆར་གསལ་སྟོན་ཆེད་ཡིན་པ་བརྗོད་བཞིན་ཡོད་ཅིང་། ཤར་དང་ལྷོ་ཤར་ཨེ་ཤེ་ཡའི་མངའ་ཁུལ་གྱི་ཡུལ་གྲུ་ཁག་གིས་རྒྱ་ནག་གི་དམག་དོན་རྒྱ་སྐྱེད་བྱེད་བཞིན་པ་དང་། དམག་སྟོབས་ངོམ་སྟོན་བྱེད་ཤུགས་ཆེ་རུ་གཏོང་བཞིན་པར་སེམས་འཚབ་དང་འཇིགས་སྣང་བྱེད་ཀྱི་ཡོད་ཅིང་། ཡུལ་གྲུ་དེ་དག་ཚང་མས་ཨ་མི་རི་ཀས་ཡུལ་གྲུ་དེ་དག་གི་ཐོག་རྒྱ་ནག་གིས་དྲག་རྒོལ་འབྱུང་ཚེ་སྲུང་སྐྱོབ་ཀྱི་རོགས་རམ་འབྱུང་རྒྱུར་རེ་བ་བྱེད་ཀྱི་ཡོད་ལ། ཨ་མི་རི་ཀའི་ངོས་ནང་ཀྱང་དེ་ལྟར་བྱ་རྒྱུར་ཁས་ལེན་བྱེད་བཞིན་ཡོད་པ་རེད།
གསར་འགོད་པ་སྐལ་ལྡན་བློ་གྲོས།