ཉུང་མཐར་བོད་མི་བརྒྱ་ལྷག་དམར་གསོད་བཏང་པའི་དཔང་རྟགས།

༢༠༠༨ལོའི་ས་བྱི་ཞི་རྒོལ་སྐབས་རྒྱ་ནག་གིས་ལྷ་སར་བོད་མི་བརྒྱ་ལྷག་བསད་པའི་དཔང་རྟགས་ཡིག་ཆ་ཅིག་ལག་སོན་བྱུང་ཡོད་འདུག
དེ་རིང་ཚེས༢༡ཉིན་བཞུགས་སྒར་རྡ་རམ་ས་ལའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་ལྟེ་གནས་ཁང་གིས་རྒྱ་ནག་ནང་ཁུལ་གྱི་ཡིག་ཆ་ལག་སོན་བྱུང་བ་དེ་ཕྱི་བསྒྲགས་གནང་ཡོད་པ་དང། ལྟེ་གནས་ཁང་གི་ལས་བྱེད་ཚེ་རིང་རྒྱལ་ལགས་ཀྱིས་རྒྱ་ནག་ནང་ཁུལ་གསང་བའི་ཡིག་ཆ་ལྟར་ན། ཉུང་མཐར་ཡང་༢༠༠༨ལོའི་ས་བྱི་ཞི་རྒོལ་སྐབས་རྒྱ་ནག་གིས་ལྷ་སར་བོད་མི་༡༠༡ཙམ་བསད་ཡོད་པ་གསལ་བོ་ཡིན་པའི་ངོ་སྤྲོད་བྱས་ཡོད། ཡིག་ཆ་དེའི་མིང་ལ་ལྷ་ས་གྲོང་ཁྱེར་ཉེན་རྟོག་ཁང་གི་ཉེས་དོན་ཚན་རིག་ལག་རྩལ་གསལ་འབྱེད་ཡིག་ཆ་ཞེས་བཏགས་ཡོད་པ་མ་ཟད། ཡིག་ཆ་དེའི་ནང་དོན་ནི། ལྷ་ས་གྲོང་ཁྱེར་ཉེན་རྟོག་ཁང་གི་ཉེས་དོན་ཚན་རིག་ལག་རྩལ་ཞིབ་འཇུག་ཁང་གི་ཞིབ་དཔྱོད་འགན་འཛིན་Li Wan Zhen དང་། ཁྲིམས་ལུགས་སྨན་པ་Wang zhi Xue གཉིས་ནས་༢༠༠༨ ལོའི་ཞི་རྒོལ་སྐབས་རྒྱ་ནག་གཞུང་གི་དམག་མི་དང་ཉེན་རྟོག་པས་ལྷ་ས་གྲོང་ཁྱེར་གྱི་བོད་མིའི་ཐོག་དྲག་གནོན་དང་དམར་གསོད་ཆེན་པོ་བཏང་བའི་རྗེས་ལྷ་སའི་རོ་ཁང་ཞིག་ནང་བཞག་པའི་འདས་པོ་ཁག་ཅིག་གི་མིང་དང་ཤི་རྐྱེན་གནས་ཚུལ་ཞིབ་བཤེར་བྱས་པ་ཞིག་ཡིན་དང་། ཡིག་ཆེའི་ནང་དུ་སྐབས་དེ་དུས་ཞིས་ཧྲན་རོ་ཁང་དེ་ཁོ་ནའི་ནང་ཕུང་པོ་༢༢ གྱི་ཐོ་གཞུང་དང་ཉེན་རྟོག་པས་ཤི་རྐྱེན་ཚན་རིག་བརྟག་དཔྱད་ཞིབ་འཇུག་བྱས་པའི་ཕུང་པོ་བཞི་བཅས་ཁྱོན་ཕུང་པོ་༢༦ ཐོན་པའི་ཁྲོད་ནས་མེ་མདའ་བརྒྱབས་ཏེ་དམར་བསད་བཏང་བའི་ཕུང་པོ་༡༥ ཐོན་ཡོད་པ་མ་ཟད། དེ་དག་ནང་ནས་མིང་དང་རིགས་རུས་གསལ་འབྱེད་མ་ཐུབ་པའི་ཕུང་པོ་བཞི་ཕུད་དེ་བྱིངས་ཚང་མ་བོད་མི་ཤ་སྟག་ཡིན་པ་བཀོད་ཡོད་ལ། ད་དུང་ཕུང་པོ་རྙེད་སོན་བྱུང་བའི་དུས་ཚོད་དང་ས་གནས་ནི་ཕལ་ཆེར་༢༠༠༨ ལོའི་ཕྱི་ཟླ་༣ པའི་ཚེས་༡༤ ཉིན་འཁེལ་ཡོད་པ་མ་ཟད། ས་གནས་ནི་ཀླུ་སྒུག་སྲང་མ་༢ པའི་ལམ་མདོ་དང། ར་མོ་ཆེ་གཙུག་ལག་ཁང་གི་ཉེ་འགྲམ། ཅིང་ཕིང་མགྲོན་ཁང་ཆེན་མོའི་ཁུལ་དང། ར་མོ་ཆེའི་གཙུག་ལག་ཁང་གི་མཁར་གྲོང་ཁུལ་འཛུགས་སྐྲུན་སྒྲིག་བཀོད་ལས་གྲྭའི་ཡན་ལག་བཟོ་གྲྭ་ལྔ་པ། བར་སྐོར་ཨ་ནིའི་མཚམས་ཁང་སྒོ་བསྟེན་སྨན་ཁང། བསྟན་རྒྱས་གླིང་གི་ཉེ་འདབས། དགའ་ལྡན་ཁང་གསར། པེ་ཅིང་དཀྱིལ་ལམ་སེར་ཁང་གསོལ་མགྲོན་ཁང་ཆེན་མོའི་མདུན་གྱི་གཞུང་ལམ་ཡིན་པ་བཀོད་ཡོད་པ་རེད། ད་དུང་ཡིག་ཆ་དེའི་ནང་དུ། ལྷ་ས་གྲོང་ཁྱེར་ཉེན་རྟོག་ཁང་གིས་བོད་མི་བཞིའི་ཤི་རྐྱེན་ཐད་འདས་པོའི་ཕུང་པོར་ཚན་རིག་གི་ཞིབ་འཇུག་གི་ཐོག་ནས་ཉེས་དོན་གསལ་འབྱེད་བྱས་པ་བརྒྱུད། བོད་མི་སྐྱེས་པ་ཞིག་གི་ཕུང་པོའི་སྟེང་དུ་མདེའུ་ཡི་རྨ་ཤུལ་༡༧ ཡོད་པ་དང། བོད་རིགས་བེུད་གཉིས་ཀྱི་ཕུང་པོའི་སྟེང་དུ་མདེའུ་རྨ་ཤུལ་༡༥ དང་༨ སོ་སོར་རྒྱབ་ཡོད་པ་མ་ཟད། གོང་གསལ་བོད་མི་༡༥ དེ་དག་གི་མིང་དང། ཕོ་མོ། ལོ། གཟུགས་པོ་རིང་ཐུང་གི་ཚད་གཞི་། ཕུང་པོ་རྙེད་སའི་ས་གནས། འདས་གྲོངས་སུ་ཕྱིན་པའི་རྒྱུ་རྐྱེན་སོགས་ཞིབ་འཇུག་ཞིབ་ཕྲ་བྱས་ཏེ་ཡིག་ཆ་དེའི་ནང་ཁ་གསལ་བཀོད་ཡོད་པ་རེད། རྒྱ་ནག་གཞུང་གིས་ཞིབ་འཇུག་བྱས་པའི་གསང་བའི་ཡིག་ཆ་འདི་ཡིས། ༢༠༠༨ ལོའི་ཕྱི་ཟླ་༣ པའི་ནང་བོད་རང་སྐྱོང་ལྗོངས་ཀྱི་སྐབས་དེའི་འགོ་ཁྲིད་བྱམས་པ་ཕུན་ཚོགས་ཀྱིས་པེ་ཅིང་དུ་ཚོགས་པའི་གསར་འགོད་ལྷན་ཚོགས་ཤིག་གི་ཐོག་༢༠༠༨ ལོའི་གསུམ་པའི་བཅུ་བཞིའི་གཏོར་བཤིག་གི་བྱ་སྤྱོད་ཀྱི་ལས་འགུལ་སྐབས་ཉེན་རྟོག་པ་དང།་དྲག་ཆས་ཉེན་རྟོག་པས་བསད་རྨས་རང་བཞིན་ཅན་གྱི་མཚོན་ཆ་རྩ་བ་ནས་བེད་སྤྱོད་བཏང་མེད་ལུགས་བཤད་པ་དེ་དང་ཡོངས་སུ་འགལ་ཟླ་ཆགས་ཡོད་པ་ར་སྤྲོད་བྱས་ཡོད་པ་རེད།

གསར་འགོད་པ་ཉི་མ་གཡུ་སྒྲོན།

འབྲེལ་ཡོད་གནས་ཚུལ་གཤམ་ལ་འདི་གའི་གསར་འགོད་པ་བློ་བྷེ་ཡིས་བཏང་བར་གསན་རོགས༎

(Tamdin Wangchuk)

གསར་འགོད་པ་བློ་བྷེ།