དགའ་ལྡན་ཁྲི་པ་དགོངས་པ་རྫོཊ་པར་གཞུང་འབྲེལ་མྱ་ངན་གནང་བ།


2017.04.24
དགའ་ལྡན་ཁྲི་ཐོག་༡༠༣་པ་དགོངས་པ་རྫོགས་པར་བོད་མིའི་སྒྲིག་འཛུགས་ཀྱིས་གཞུང་འབྲེལ་མྱ་ངན་མཆོད་འབུལ་གནང་སྐབས། ༢༠༡༧།༤།༢༤ དགའ་ལྡན་ཁྲི་ཐོག་༡༠༣་པ་དགོངས་པ་རྫོགས་པར་བོད་མིའི་སྒྲིག་འཛུགས་ཀྱིས་གཞུང་འབྲེལ་མྱ་ངན་མཆོད་འབུལ་གནང་སྐབས། ༢༠༡༧།༤།༢༤
བློ་བྷེ།/RFA

འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཐོག་༡༠༣་པ་རྗེ་བཙུན་བློ་བཟང་བསྟན་འཛིན་རིན་པོ་ཆེ་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན་པར་བོད་མིའི་སྒྲིག་འཛུགས་ཀྱིས་གཞུང་འབྲེལ་མཆོད་འབུལ་གནང་འདུག
དེ་ཡང་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཐོག་༡༠༣་པ་རྗེ་བཙུན་བློ་བཟང་བསྟན་འཛིན་རིན་པོ་ཆེ་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན་པར། བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་ནས་ཆོས་རིག་ལས་ཁུངས་བརྒྱུད་སྐུ་བཅར་ཞབས་འབྲིང་རྣམས་ལ་ཐུགས་གསོ་དང་འབྲེལ་ལྡི་ལི་སྐུ་ཚབ་དོན་ཁང་ནས་ཕྱག་རོགས་མཐུན་འགྱུར་ཇི་དགོས་ཞུས་གནང་ཞིང་རིན་པོ་ཆེ་མཆོག་གི་ཐུགས་ཀྱི་བཞེད་དགོངས་མཐའ་དག་ཡོངས་སུ་རྫོགས་པ་དང་། སླར་ཡང་ཞིང་འདིའི་བསྟན་འགྲོའི་དཔལ་མགོན་དུ་མྱུར་དུ་བཞད་ཕྱིར་ཕྱི་ཚེས་༢༤ ཉིན་གུང་ཆུ་ཚོད་ ༡༢ ཐོག་ལས་བྱེད་གསོལ་ཚང་གི་གཉའ་ཁྲི་ཚོགས་ཁང་དུ། བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོ་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པས་དབུས་བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ་དང་། ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ། དེ་བཞིན་སྲི་ཞུའི་ལས་བྱེད་བཅས་ཚང་འཛོམས་ཐོག་གཞུང་འབྲེལ་ཆོས་འབུལ་རྒྱ་ཆེ་ཞིག་གནང་ཡོད་པ་རེད།
དགའ་ལྡན་ཁྲི་ཐོག་ ༡༠༣ པ་རྗེ་བཙུན་བློ་བཟང་བསྟན་འཛིན་རིན་པོ་ཆེ་མཆོག་ནི་ཕྱི་ལོ་ ༡༩༣༧ ལོར་ཁམས་ཡ་རར་སྐུ་འཁྲུངས་ཞིང་། ས་གནས་དེའི་ནང་གི་ཡ་ར་དགོན་པར་སྐུ་ཆུང་དུས་སྐབས་ཆོས་ཞུགས་གནང་རྗེས་དགུང་ལོ་ ༡༦ ཐོག་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་དུ་ཆོས་ཞུགས་ཀྱིས་གཞུང་ཆེན་ཁག་ལ་གསན་བསམ་རྒྱ་ཆེ་གནང་ཡོད་པ་རེད།
ཕྱི་ལོ་ ༡༩༥༩ ལོར་བཙན་བྱོལ་དུ་ཕེབས་རྗེས་གཞུང་ཆེན་ཁག་གི་སློབ་གཉེར་མུ་འཐུད་གནང་བ་མ་ཟད། རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་དགེ་བསྐོས་དང་དཔེ་ཁྲིད་དགེ་རྒན་སོགས་ཀྱི་ཐུགས་འགན་བཞེས་འདུག་ལ་དགེ་བཤེས་ལྷ་རམ་པ་དང་སྔགས་རམ་པའི་མཚན་རྟགས་བཞེས་རྗེས་གསང་ཆེན་རྒྱུད་སྟོད་གྲྭ་ཚང་གི་བླ་མ་དབུ་མཛད་དང་། དེ་རྗེས་ལོ་གསུམ་རིང་རྒྱུད་སྟོད་གྲ་ཚང་གི་མཁན་པོ་ཡང་གནང་ཡོད་པ་རེད།
ཕྱི་ལོ་ ༢༠༠༣ ལོར་གནས་མཆོག་རྡོ་རྗེ་གདན་དུ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་ཤར་པ་ཆོས་རྗེར་བསྐོ་བཞག་སྩལ་ཡོད་པ་དང་། དགའ་ལྡན་ཁྲི་ཐོག་ ༡༠༢ པ་སྐྱབས་རྗེ་རི་རྫོང་རྒྱལ་སྲས་རིན་པོ་ཆེ་མཆོག་དགོང་ཞུ་བཀའ་ཁྲོལ་ཐོབ་པའི་རྗེས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཤར་པ་ཆོས་རྗེ་རྗེ་བཙུན་བློ་བཟང་བསྟན་འཛིན་མཆོག་ལ་༢༠༡༦་ལོའི་ཕྱི་ཟླ་ ༡༠ ཚེས་ ༡༩ ཉིན་དགའ་ལྡན་ཁྲི་ཐོག་ ༡༠༣ པར་བསྐོ་སྩལ་ཕྱག་རྟགས་ཕེབས་ནས་ཕྱི་ཟླ་ ༡༡ ཚེས་ ༥ ཉིན་ཁྲི་གསོལ་ཞུས་ཡོད་པ་རེད།
དགའ་ལྡན་ཁྲི་བ་ནི་དགེ་ལུགས་ཀྱི་བསྟན་བདག་རྗེ་རིན་པོ་ཆེ་བློ་བཟང་གྲགས་པ་མཆོག་གི་ཁྲི་འཛིན་པ་དེ་ཡིན་ཞིང་། དགའ་ལྡན་ཁྲི་པའི་ལོ་ཡུན་ནི་ལོ་བདུན་ཡིན་པ་རེད།
ཕྱག་སྲོལ་ལྟར་ན་དགའ་ལྡན་ཁྲི་ཐོག་ ༡༠༤ པར་ད་ལྟའི་བྱང་རྩེ་ཆོས་རྗེ། སེ་ར་བྱེས་ཀྱི་རྗེ་བཙུན་བློ་བཟང་བསྟན་འཛིན་མཆོག་ཕེབས་རྒྱུ་ཡིན་པ་རེད།

གསར་འགོད་པ་དབྱངས་སྒྲོལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་ནག་གིས་བསྐོ་བཞག་བྱས་པའི་པཎ་ཆེན་བལ་ཡུལ་ནང་ཡོང་རྒྱུ་བལ་ཡུལ་གྱིས་ངོས་ལེན་བྱས་མེད་པ་བལ་ཡུལ་གྱི་གསར་ལམ་ཁག་ཅིག་གིས་གནས་ཚུལ་སྤེལ་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དགེ་བཤེས་རྭ་ཆུང་དགེ་འདུན་ལགས་བཙོན་འཇུག་གི་དུས་ཡུན་ཚང་སྟེ་གློད་གྲོལ་ཐོབ་ཡོད་ནའང་། ཁོང་བཙོན་གྲོལ་མ་ཐོབ་སྔོན་ཨ་མ་འདས་གྲོངས་སུ་གྱུར་ཏེ་མ་བུ་ཐུག་འཕྲད་ཐུབ་མེད་པ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎