༧གོང་ས་མཆོག་གིས་ཐེ་ཝན་གཙོས་དད་ལྡན་པ་ལྔ་སྟོང་ལྷག་ལ་གསུང་ཆོས་གནང་བཞིན་འདུག


2017-10-03
Share
༧གོང་ས་མཆོག་ནས་དད་ལྡན་ཆོས་ཞུ་བ་དྲུག་སྟོང་བརྒལ་བར་དབུ་མ་འཇུག་པའི་བཀའ་ཆོས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཐེ་ཝན་གྱི་ཆོས་ཞུ་བ་གཙོས་སེར་སྐྱ་ཕོ་མོ་དྲུག་སྟོང་བརྒལ་བར་དབུ་མ་འཇུག་པའི་བཀའ་ཆོས་དབུ་འཛུགས་གནང་བ།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང༌། གསར་འགོད་པ་སངས་རྒྱས་རྡོ་རྗེ།

རྒྱུ་མཚན་དང་གནས་ལུགས་གཞི་ལ་བཞག་པའི་ཐོག་ནས་ཆོས་ལ་དད་པ་བྱེད་དགོས་པ་ལས་རྨོངས་དད་བྱེད་རྒྱུ་མེད་པ་༧གོང་ས་མཆོག་གིས་བཀའ་གནང་འདུག
དེ་ཡང་ཐེ་ཝན་གྱི་དད་ལྡན་པ་རུ་ཁག་ཅིག་གིས་ཇི་ལྟར་གསོལ་འདེབས་ཞུས་པ་ལྟར། ཕྱི་ལོ་ ༢༠༡༧ ་ཟླ་ ༡༠ ་ཚེས་ ༣ ་ནས་ ༦ ་ཉིན་གྲངས་བཞིའི་རིང་༧གོང་ས་མཆོག་གིས་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཐེ་ཝན་གྱི་དད་ལྡན་ཆོས་ཞུ་བ་གཙོ་བོར་གྱུར་བའི་སེར་སྐྱ་མི་མང་༥༠༠༠་བརྒལ་བར་སློབ་དཔོན་ཟླ་བ་གྲགས་པས་མཛད་པའི་དབུ་མ་འཇུག་པའི་གསུང་ཆོས་བཀའ་དྲིན་བསྩལ་བཞིན་པར་ཐེ་ཝན་གཙོས་ཕྱི་རྒྱལ་ཡུལ་གྲུ་ ༦༩ ་ནས་ཆོས་ཞུ་བ་དང་ས་གནས་བོད་མི་བཅས་བཅར་ཡོད་པ་རེད།
༧གོང་ས་མཆོག་གིས་སྔོན་འགྲོའི་གསུངས་ཆོས་བསྩལ་སྐབས་སུ་རྒྱུ་མཚན་དང་གནས་ལུགས་གཞི་ལ་བཞག་པའི་ཐོག་ནས་ཆོས་ལ་དད་པ་བྱེད་དགོས་པ་ལས་སོ་སོའི་སྐྱེས་ཁུངས་ཀྱི་ཆོས་ལུགས་ཡིན་པ་ཙམ་གྱིས་རྨོངས་དད་བྱེད་རྒྱུ་མེད་པ་བཀའ་གནང་འདུག་ལ། དེ་བཞིན་ནང་ཆོས་གཙོས་པའི་ཆོས་ལུགས་གང་ཡིན་ཡང་རུང་ཆོས་ཉམས་ལེན་བྱེད་མཁན་ཚོས་ཆོས་བརྒྱུད་དེའི་ཐབས་ལམ་དང་ལྟ་གྲུབ་ཡང་དག་པ་ཞིག་རྟོགས་ཐུབ་པ་དགོས་རྒྱུ་གལ་ཆེན་པོ་ཡིན་སྐོར་གསུངས་འདུག
ཡང་༧གོང་ས་མཆོག་གིས་འཛམ་གླིང་ནང་དྲག་ལས་དང་རྙོག་དྲ་ཇེ་ཆེར་འགྲོ་བཞིན་པ་དེ་ཡང་ང་དང་གཞན་ཟེར་བའི་མཐོང་རྒྱ་ཆུང་དྲག་པའི་རྐྱེན་ནས་བྱུང་པ་ཡིན་པ་དང་དེ་ལས་འགྲོ་བ་མིའི་གཅིག་གྱུར་གྱི་འདུ་ཤེས་འཛིན་དགོས་པ་གསུངས་བ་དང་།
ཡང་༧གོང་ས་མཆོག་གིས་ཉེ་ལམ་ཨ་རིའི་ལོ་ཨི་སི་ལྦིས་ཀ་Las Vega ་གྲོང་ཁྱེར་ནང་ཉེས་མེད་མི་དམངས་ཐོག་གང་བྱུང་མེ་མདའ་བརྒྱབ་པའི་ཡ་ང་བའི་དམར་གསོད་ཀྱི་དོན་རྐྱེན་དེའི་འོག་འདས་གྲོངས་སུ་ཕྱིན་པ་དང་། ཤུལ་ལུས་ཚོར་ཐུགས་གསོ་གནང་བ་དང་སྦྲགས་བསམ་ཡུལ་དུ་མི་ཤོང་བའི་སྐྱུག་བྲོ་བའི་བྱ་སྤྱོད་དེ་དག་ནི་སྙིང་རྗེ་མེད་པ་དང་མིའི་ཚེ་སྲོག་ལ་རིན་ཐང་མ་རྩིས་བའི་རྐྱེན་གྱིས་རེད་ཅེས་གསུངས་འདུག
དེ་ཡང་སེམས་ཅན་ཐམས་ཅད་བདེ་བ་འདོད་པ་ལས་སྡུག་བསྔལ་མི་འདོད་མཁན་ཤ་སྟག་རེད། འོན་ཀྱང་སྲོག་ཆག་དུད་འགྲོ་དང་མི་འདྲ་བ་ང་ཚོ་འགྲོ་བ་མི་ལ་སྐྱེས་པ་ནས་བཟུང་བསམ་བློ་གཏང་ཐུབ་པའི་དབང་པོའི་ནུས་པ་མི་འདྲ་བ་ཞིག་ཡོད་དེ་བེད་སྤྱོད་ཀྱིས་བྱམས་པ་དང་བརྩེ་བ་བརྒྱུད་ནས་བདེ་སྐྱིད་གོང་འཕེལ་གཏོང་དགོས་ངེས་རེད་ཅེས་གསུངས།
གཞན་ཡང་༧གོང་ས་མཆོག་གིས་དེང་དུས་ཀྱི་ཤེས་ཡོན་ལམ་ལུགས་དེས་ཕྱི་དངོས་པོ་ཡར་རྒྱས་ཁོ་ནའི་ཐོག་ཕྱོགས་ཀྱི་ཡོད་སྟབས་ཆོས་ལུགས་ལ་མ་བསྟེན་པའི་ཡ་རབས་སྤྱོད་བཟང་གི་ཤེས་ཡོན་ལམ་ལུགས་ཤིག་དར་སྤེལ་ཐུབ་པ་ཡིན་ན། ཤེས་ཡོན་ལམ་ལུགས་འདིའི་འོག་འཚར་ལོངས་བྱུང་བའི་གང་ཟག་དེ་བྱམས་བརྩེ་ལྡན་པ་ཞིག་ཡོང་རྒྱུ་མ་ཟད། རང་ཉིད་ཀྱི་མི་ཚེའི་ལྟ་ཕྱོགས་ཡང་བྱམས་བརྩེས་རྩེ་ཟིན་པ་ཞིག་ཡོང་ཐུབ་རྒྱུ་ཡིན་པ་བཀའ་གནང་འདུག
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཉིན་གྲངས་བཞིའི་གསུངས་ཆོས་དེ་དགའ་ལྡན་ཕོ་བྲང་གི་དྲ་རྒྱ་བརྒྱུད་ཐད་གཏོང་ཞུ་བཞིན་པ་དང་། དེ་ཡང་དབྱིན་སྐད་དང་རྒྱ་སྐད། ཝེ་ཏི་ནམ། ཀོ་རི་ཡ། ཧིན་དྷི། སི་པཱན། ཧྥ་རན་སི། འཇར་མན། ཉི་ཧོང། རཱ་ཤི་ཡའི་སྐད་བཅས་ཀྱི་ནང་སྒྲ་བསྒྱུར་ཞུས་པའི་ལས་རིམ་ཁག་སོ་སོར་གཟིགས་ཐུབ་ཀྱི་ཡོད་པ་རེད་འདུག

གསར་འགོད་པ་རྡོ་རྗེ་དགྲ་འདུལ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།