མོན་རྟ་དབང་ཁུལ་གྱི་ཞི་བའི་གོམ་བགྲོད་པ་རྣམས་ལྡི་ལིར་འབྱོར་སྐབས་བོད་མི་ཚོས་ཕེབས་བསུ་སྣེ་ལེན་དང་ཐུགས་རྗེ་ཆེ་ཞུས་འདུག
རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དེ་སྔ་༡༩༥༩ལོའི་ཕྱི་ཟླ་༣པའི་ནང་རྒྱ་གར་དུ་ཉེན་གཡོལ་ལ་ཕེབས་ནས་ལོ་ངོ་༦༠འཁོར་ལ་ཉེ་བའི་དུས་ཚིགས་ལ་དྲན་གསོ་ཞུ་ཆེད། ཉེ་ལམ་རྒྱ་གར་བྱང་ཤར་ཨ་རུ་ཎ་ཅལ་མངའ་སྡེའི་ཆུ་དྭངས་མོ་ཞེས་པའི་ས་གནས་ནས་ཏེཛ་པུར་བར་ཉིན་གྲངས་༡༡རིང་གོམ་བགྲོད་ཀྱི་ལས་འགུལ་ལེགས་གྲུབ་བྱུང་རྗེས་གོམ་བགྲོད་ནང་མཉམ་ཞུགས་གནང་མཁན་རྣམས་ཚེས་༢༨་ཉིན་ལྡི་ལི་བསམ་ཡས་གླིང་གཞིས་སྒར་དུ་འབྱོར་སྐབས་ས་གནས་བོད་མི་ཚོས་དགའ་བསུའི་སྣེ་ལེན་ཞུས་འདུག
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དེ་སྔ་ཕྱི་ལོ་ ༡༩༥༩ ཕྱི་ཟླ་༣པའི་ཚེས་༡༧་ཉིན། བོད་ཀྱི་རྒྱལ་ས་ལྷ་སའི་ནོར་གླིང་ཕོ་བྲང་ནས་ཞལ་བསྒྱུར་ནས་བཙན་བྱོལ་དུ་ཆིབས་ཐོན་གནང་སྟེ་ལོ་ངོ་དྲུག་ཅུར་འཁོར་ལ་ཉེ་བའི་དུས་ཚིགས་དང་བསྟུན་ཟླ་བ་འདིའི་ཚེས་༡༧ཉིན་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་(Rinchen Khando Krimey)མཆོག་གིས་སྣེ་ཁྲིད་གནང་ཐོག་བྱང་ཤར་རྟ་དབང་དང་། བྱང་(Kameng)རྗོང་ཁོངས་ནས་ཁྱོན་མི་གྲངས་༤༡ནས་རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་མངའ་སྡེའི་ཆུ་ཐང་མོ་འམ་ཆུ་དྭངས་མོ་ཞེས་པའི་ས་ཁུལ་ནས་ཏེཛ་པུར་བར་ཉིན་གྲངས་༡༡རིང་གོམ་བགྲོད་ཀྱི་ལས་འགུལ་སྤེལ་ཡོད་པ་རེད། ཆུ་མོ་ཐང་འམ་ཆུ་དྭངས་མོ་ཞེས་པའི་ས་ཁུལ་འདི་ནི་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཐོག་མར་རྒྱ་གར་ས་ཐོག་ཏུ་ཞབས་བཅགས་ཡུལ་གྱི་ས་གནས་ཤིག་ཡིན་ཞིང་། གོམ་བགྲོད་སྣེ་ཁྲིད་གནང་མཁན་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་(Rinchen Khando Khirmey)མཆོག་གིས། གོམ་བགྲོད་ཀྱི་ལས་འགུལ་འདི་བཞིན་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་བརྟན་ཅིང་འཛམ་གླིང་ཁྱོན་ཡོངས་ནས་མགོན་པོ་གང་ཉིད་ཀྱི་ཞི་བདེའི་གསུང་འཕྲིན་རྒྱ་ཁྱབ་ཆེ་རུ་འགྲོ་བའི་སྨོན་འདུན་ཞུ་ཆེད་དང་། ༧གོང་ས་མཆོག་རྒྱ་གར་ནང་བཞུགས་ནས་ལོ་ངོ་དྲུག་བཅུ་འཁོར་བའི་དུས་ཚིགས་དྲན་གསོ་ཞུ་རྒྱུའི་ཆེད་ཡིན་ལུགས་གསུངས་འདུག
གསར་འགོད་པ་དོན་གྲུབ་རྣམ་རྒྱལ།
0:00 / 0:00