པཱ་ར་གུ་ཝེ་གཞུང་གིས་རྒྱ་ནག་གི་ཕྱི་འབྲེལ་མི་སྣ་ཞིག་ཕྱིར་ཕུད་བཏང་ཡོད་འདུག
པཱ་ར་གུ་ཝེ་(Paraguay)་གཞུང་གིས་ཡུལ་དེའི་ནང་གི་རྒྱ་ནག་གི་ཕྱི་འབྲེལ་མི་སྣ་ཞིག་ཕྱིར་ཕུད་བཏང་ཡོད་པ་དང་། རྒྱུ་མཚན་ནི་རྒྱ་རིགས་ཕྱི་འབྲེལ་མི་སྣ་དེས་པཱ་ར་གུ་ཝེ་ནང་སྲིད་ལ་ཐེ་གཏོགས་བྱས་ཏེ་ཐེ་ཝན་དང་འབྲེལ་བ་གཅོད་དགོས་པའི་དགོས་འདུན་བཏོན་པ་སོགས་ཀྱི་རྐྱེན་གྱིས་ཡིན་འདུག
ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་པཱ་ར་གུ་ཝེ་ཡི་ཕྱི་འབྲེལ་ལྷན་ཁང་གིས་ཟླ་༡༢ པའི་ཚེས་༥ ཉིན་གསལ་བསྒྲགས་ཐུང་ཐུང་ཞིག་སྤེལ་ནས། རྒྱ་ནག་གི་ལཱ་ཌེན་ཨ་མི་རི་ཀ་གླིང་ཆེན་གྱི་དམིགས་བསལ་སྐུ་ཚབ་ཞུའུ་ཝེ་(Xu Wei)་ཡི་ཐོངས་མཆན་(Visa)་རྩིས་མེད་དུ་བཏང་བ་ཡིན། ཞུ་ཝེ་ནི་ང་ཚོས་དགའ་བསུ་མེད་པའི་མི་ཡིན་ཞེས་བཀོད་པ་དང་མཉམ་དུ། ཆུ་ཚོད་༢༤འི་རིང་པཱ་ར་གུ་ཝེ་ཡི་ས་ཐོག་ནས་ཕྱིར་ཐོན་དགོས་ཞེས་བཀའ་བཏང་ཡོད་པ་རེད། སྐབས་དེར་ཞུའུ་ཝེ་ཟེར་བ་ཁོང་པཱ་ར་གུ་ཝེ་རུ་ཚོགས་བཞིན་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་དང་ཚན་རིག རིག་གནས་སྒྲིག་འཛུགས་ཀྱི་ལོ་འཁོར་ཚོགས་འདུར་ཞུགས་བཞིན་ཡོད་པ་རེད།
སྔར་ཉིན་མོར་ཞུའུ་ཝེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་དང་ཚན་རིག རིག་གནས་སྒྲིག་འཛུགས་ཀྱི་ལྷན་ཚོགས་སུ་མ་ཞུགས་པར་པཱ་ར་གུ་ཝེ་ཡི་རྒྱལ་སའི་གྲོས་ཚོགས་ནང་ཐོན་ཡོད་པ་མ་ཟད། པཱ་ར་གུ་ཝེ་ཡིས་ཐེ་ཝན་དང་འབྲེལ་ལམ་གཅོད་དགོས་ལུགས་འབོད་སྐུལ་བྱས་འདུག་པས་ཕྱི་འབྲེལ་གྱི་འགལ་རྐྱེན་དེ་བསླངས་ཡོད་འདུག
ཐེ་ཝན་ནི་དམངས་གཙོའི་ལམ་ལུགས་ཡིན་ཞིང་། མི་འབོར་བྱེ་བ་གཉིས་དང་ས་ཡ་གསུམ་ལྷག་ཡོད། རྒྱ་ནག་པེ་ཅིང་གཞུང་གིས་ཐེ་ཝན་གི་བདག་དབང་རྒྱ་ནག་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་ཡོད་པར་འདོད་ཀྱང་། ཐེ་ཝན་གཞུང་དམངས་གཉིས་ཀས་དེ་ངོས་ལེན་བྱེད་ཀྱི་མེད།
པཱ་ར་གུ་ཝེ་ནི་ལྷོ་ཨ་མེ་རི་ཀའི་ནང་ཐེ་ཝན་གྱི་བདག་དབང་ཐེ་ཝན་རང་ལ་ཡོད་པ་ངོས་ལེན་བྱེད་མཁན་རྒྱལ་ཁབ་ཁོ་ན་དེ་ཡིན། ཉེ་བའི་ལོ་ཤས་རིང་ལཱ་ཌེན་ཨ་མེ་རི་ཀའི་རྒྱལ་ཁབ་ཧོང་དྷོ་ར་སི་དང་པཱ་ན་མ། ཌོ་མི་ནི་ཡ་སྤྱི་མཐུན་རྒྱལ་ཁབ། ཨེལ་ས་ཝ་དྷོར་བཅས་བཞི་ཡིས་ཐེ་ཝན་དང་འབྲེལ་བ་བཅད་ནས་པེ་ཅིང་ལ་ཕྱི་འབྲེལ་བཙུགས་ཡོད་པ་རེད།
རྒྱ་ནག་གི་ཕྱི་འབྲེལ་མི་སྣ་ཞུའུ་ཝེ་ཟེར་བས་ཐེ་ཝན་གྱིས་སྦྱིན་བདག་བྱས་ཏེ་བཟོ་བསྐྲུན་བྱས་པའི་པཱ་ར་གུ་ཝེ་ཡི་གྲོས་ཚོགས་ཐོག་ཁང་ནང་པཱ་ར་གུ་ཝེ་གཞུང་གིས་རྒྱ་ནག་དང་ཐེ་ཝན་ནང་ནས་གཅིག་གདམ་དགོས་ཞེས་འབོད་སྐུལ་བྱས་ཡོད་པ་རེད།
སྤྱི་ཟླ་༡༢ པའི་ཚེས་༤འི་ཉིན། པཱ་ར་གུ་ཝེ་རུ་བཅའ་སྡོད་ཐེ་ཝན་གྱི་གཞུང་ཚབ་པས་ཞུའུ་ཝེ་ཡིས་པཱ་ར་གུ་ཝེ་དང་ཐེ་ཝན་གྱི་འབྲེལ་བར་གཏོར་བརླག་བྱས་ཡོད་ལུགས་སྐྱོན་བརྗོད་བྱས་འདུག
གསར་འགོད་པ། སྟག་ལྷ་རྒྱལ།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།