རང་སྲེག་ཞི་རྒོལ་བའི་ཕ་མ་གཉིས་འཛིན་བཟུང་བྱས་འདུག
2017.05.18
འབོ་ར་ནས་རང་ལུས་མེར་སྲེག་གི་ཞི་རྒོལ་གནང་མཁན་ཕྱག་རྡོར་སྐྱབས་ཀྱི་ཕ་མ་གཉིས་རྒྱ་ནག་གི་ཉེན་རྟོག་པས་འཛིན་བཟུང་བྱས་འདུག
དེ་ཡང་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་བ་ལྟར་ན། སྤྱི་ལོ་༢༠༡༧་ལོའི་ཟླ་༥་བའི་ཚེས་༢་ཉིན་གྱི་དགོང་དྲོར་མདོ་སྨད་མདོ་ལྷོ་བསང་ཆུ་རྫོང་འབོ་ར་དགོན་པ་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་གནང་མཁན་ཕྱག་རྡོར་སྐྱབས་ཀྱི་ཕ་བཟོད་པ་དང་། མ་སྒྲོལ་མ་འཚོ་གཉིས་རྒྱ་ནག་གི་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་འདུག
གནས་ཚུལ་ངོ་སྤྲོད་པས་བརྗོད་དོན། ཉིན་དེར་ཁོང་གི་ཕ་མ་གཉིས་དང་སྲིང་མོ་བཅས་གསུམ་འདྲི་རྩད་ཆེད་ཡིན་ཚུལ་གྱིས་རྒྱ་ནག་གི་ཉེན་རྟོག་པས་ཁྲིད་ཡོད་པ་རྗེས་སུ་བཏང་ཡོད་ཀྱང་། སྲིང་མོ་ད་སྐབས་གཟུགས་ཁམས་བདེ་བོ་མེད་པར་ཉལ་སར་ལྷག་ཡོད་པ་མ་ཟད། ཕ་མ་གཉིས་རྗེས་སུ་ཡང་བསྐྱར་འཛིན་བཟུང་བྱས་ཡོད་འདུག
གནས་ཚུལ་ལྟར་ན། སྤྱི་ཟླ་༥་བའི་ཚེས་༢་ཉིན། ཕྱག་རྡོར་སྐྱབས་ཉིན་དེར་ཁོང་གི་ཨ་ཕས་རྡར་མདོ་སྡེ་བ་ནས་འབོ་ར་སློབ་འབྲིང་དུ་བསྐྱལ་ནས། ཨ་ཕ་ཕ་ཡུལ་དུ་ལོག་པའི་རྗེས་སུ་ཁོང་འབོ་ར་དགོན་པའི་ནང་ཕྱིན་ནས་མཆོད་མཇལ་ཞིག་བྱས་བ་དང་། དགོན་པའི་འདུ་ཁང་ལ་སྐོར་བ་ཁ་ཤས་བརྒྱབ་རྗེས་དགོན་པའི་གླིང་བར་ནས་རང་ལུས་མེར་་བསྲེགས་བཏང་འདུག ཁོང་གི་ལུས་ལ་མེ་ལྕེ་འབར་བཞིན་པའི་སྐབས། བོད་ལ་རང་དབང་དགོས། ༧རྒྱལ་བ་རིན་པོ་ཆེ་མཆོག་བོད་ལ་ཕེབས་སུ་འཇུག་དགོས་ཅེས་སྐད་འབོད་བྱེད་བཞིན་དུ་འབོ་ར་ཡུལ་ཚོའི་ས་གནས་རྒྱ་ནག་གི་སྲིད་གཞུང་ལས་ཁུངས་ཕྱོགས་སུ་རྒྱུག་ཐབས་བྱས་འདུག་ཀྱང་རིང་བོ་མ་སོང་བར་ས་ལ་འགྱེལ་བ་དང་། དེ་ནས་རྒྱ་ནག་གི་དམག་མི་དང་ཉེན་རྟོག་པ་འབྱོར་ཏེ་མེ་བསད་ནས་བཙན་འཁྱེར་བྱས་འདུག གནས་ཚུལ་མཐོང་མཁན་ཞིག་གིས་ཁོང་སྐུ་གྲོངས་མེད་དམ་སྙམ་པའི་ཚོད་དཔག་བྱེད་བཞིན་པ་ལས་རྗེས་ཀྱི་གནས་ཚུལ་ཁ་གསལ་ཤེས་དཀའ་བར་བརྟེན་མུ་མཐུད་རྩད་གཅོད་བྱེད་མུས་ཡིན།
ལོ་ན་༡༦་ཙམ་ཡིན་པའི་ཕྱག་རྡོར་སྐྱབས་ལགས་ནི། འབོ་ར་རྡར་མདོ་སྡེ་བའི་མ་སྒྲོལ་མ་འཚོ་དང་། ཕ་བཟོད་པ་གཉིས་ཀྱི་བུ་ཡིན་པ་དང་། སྤྱི་ལོ་ ༢༠༠༩ ལོ་ནས་ད་བར་འབོ་ར་ཁུལ་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་གནང་མཁན་བཞི་པ་དེ་ཆགས་ཡོད་པ་དང་། ༢༠༠༩ ལོ་ནས་ད་བར་བོད་ས་ཁྱོན་ཡོངས་ནས་རང་ལུས་མེར་སྲེག་གནང་མཁན་༡༤༩་བྱུང་ཡོད།
འབོ་ར་ནི་རྒྱ་ནག་གཞུང་གིས་ཆ་བགོས་བྱས་པའི་ཀན་སུའུ་ཞིང་ཆེན་ཀན་ལྷོ་འམ་མདོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་གི་ཁོངས་སུ་ཡོད་ཅིང་། མདོ་སྨད་ཡུལ་ཀྱི་ཆོས་སྡེ་ཆེན་པོ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ལྷ་སྡེ་ཡིན་པ་རེད།།
གསར་འགོད་པ་ཀླུ་འབུམ།