སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་བོད་ཀྱི་དུས་སྟོན་དབུ་འབྱེད་གནང་འདུག

2024.09.03
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་བོད་ཀྱི་དུས་སྟོན་དབུ་འབྱེད་གནང་འདུག རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཚོགས་བཞིན་པའི་བོད་ཀྱི་དུས་སྟོན་སྐབས། ༢༠༢༤ ཟླ་ ༩ ཚེས་ ༣
Tenzin Thardoe / RFA

ཕྱི་ཟླ་ ༩ ཚེས་ ༣ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་ལྟེ་གནས་ཁང་དུ། བོད་མིའི་སྒྲིག་འཛུགས་ཀྱིས་བོད་ཀྱི་དུས་སྟོན་ (Spirit of Tibet) ཞེས་པ་ཞིག་ཉིན་གྲངས་གསུམ་རིང་གོ་སྒྲིག་གིས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དབུ་འབྱེད་གནང་ཡོད་པ་དང་། དུས་སྟོན་དེའི་རིང་། བོད་ཀྱི་རིག་གཞུང་དང་ཆོས་ལུགས། བཙན་བྱོལ་བོད་མིའི་གནས་སྟངས་བཅས་ཀྱི་སྐོར་ལ་གོ་རྟོགས་སྤེལ་རྒྱུ་དང་། ལྷག་པར་བོད་ཀྱི་སྒྱུ་རྩལ་འགྲེམས་སྟོན་དང་། དཔེ་དེབ་ཚོང་འགྲེམས། བོད་དང་འབྲེལ་བའི་གློག་བརྙན་རིགས་གཟིགས་འབུལ། བོད་ཀྱི་ཟས་རིགས་འགྲེམས་སྟོན། དེ་བཞིན་བོད་ཀྱི་གནའ་རབས་ལོ་རྒྱུས་དང་ཆབ་སྲིད་བཅས་ཀྱི་གནད་དོན་འདྲ་མིན་ཐོག་མཁས་པའི་བགྲོ་གླེང་སོགས་གོ་སྒྲིག་ཞུས་ཡོད་པ་རེད།
བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས། བོད་ཀྱི་དུས་སྟོན་གོ་སྒྲིག་གནང་བའི་དམིགས་ཡུལ་ནི། རྒྱལ་སྤྱིའི་ཐོག་བོད་ཀྱི་གནས་སྟངས་ངོ་སྤྲོད་བྱེད་དགོས་པ་གལ་ཆེར་རྩིས་པའི་ཐོག བོད་དོན་ཐོག་དོ་སྣང་ཡོད་མཁན་རྣམས་ལ་དོ་སྣང་སླེབས་ཐབས་བྱ་རྒྱུ་དང་། ལྷག་པར་རྒྱ་གར་མི་མང་ཁྲོད་བོད་ཀྱི་གནས་ཚུལ་ཐད་གོ་རྟོགས་སྤེལ་ཐུབ་རྒྱུའི་རེ་བ་ཡོད་ཅེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

Spirit of Tibet Delhi (2).JPG
བོད་ཀྱི་དུས་སྟོན་གྱི་ཉིན་དང་པོར་ (Relevance of Tibet to India Past, Present and Future) ཞེས་འདས་དང་མ་འོངས་ད་ལྟའི་དུས་སུ་བོད་འདི་རྒྱ་གར་ལ་འབྲེལ་བ་ཇི་འདྲ་བྱུང་ཡོད་མེད་ཅེས་པའི་བརྗོད་གཞིའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། རྒྱ་གར་གྱི་རྒྱལ་ཚོགས་ཀྱི་སྐུ་ཚབ་ཟུར་པ་དྷི་ལིཔ་སིན་ཧཱ་ལགས། བོད་རིག་པའི་ཆེད་མཁས་པ་ཀལོཌི་ཨརྤི་ལགས། རྒྱ་གར་གྱི་དམག་དོན་སློབ་གཉེར་ལྟེ་གནས་ཁང་གི་ངེས་སྟོན་པ་དང་དམག་སྤྱི་ཟུར་པ་ལྦི་ནོཌ་བྷ་ཊི་ཡ་ (Vinod Bhatia) ལགས་བཅས་ཀྱིས་གསུང་བཤད་གནང་པ་དང་། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། རྒྱ་ནག་གཞུང་གིས་ད་ཆ་རྒྱལ་ཁབ་ཚང་མར་བོད་དེ་རྒྱ་ནག་གི་ཆ་ཤས་ཡིན་པར་ངོས་འཛིན་བྱ་དགོས་པའི་སྐུལ་མ་བྱེད་ཀྱི་ཡོད་པ་ནི། བོད་དེ་རྒྱ་ནག་གི་ཆ་ཤས་ཡིན་པའི་ཁུངས་སྐྱེལ་ཁྲིམས་མཐུན་གང་ཡང་མེད་པའི་རྐྱེན་གྱིས་ཡིན་པ་དེ་གསལ་པོར་ཤེས་རྟོགས་ཐུབ་རྒྱུ་ཡིན་ཞེས་གསུངས་སོང་པ་མ་ཟད། རྒྱ་གར་གྱི་རྒྱལ་ཚོགས་ཀྱི་སྐུ་ཚབ་ཟུར་པ་དྷི་ལིཔ་སིན་ཧ་ལགས་ཀྱིས། བོད་དང་རྒྱ་གར་གྱི་འབྲེལ་བ་དེ་ནི་གནའ་རབས་ནས་ནང་ཆོས་དང་ས་མཚམས་ཀྱི་འབྲེལ་བ་ཞིག་ཆགས་ཀྱི་ཡོད་པས། བོད་དང་རྒྱ་གར་གྱི་ས་མཚམས་དེར་རྒྱ་དཀར་ནག་གི་ས་མཚམས་ཞེས་འབོད་རྒྱུ་མེད་པའི་རེ་སྐུལ་ཞུས་གནང་སོང་།
གཞན་ཡང་རྒྱ་གར་གྱི་དམག་དོན་སློབ་གཉེར་ལྟེ་གནས་ཁང་གི་ངེས་སྟོན་པ་དང་དམག་སྤྱི་ཟུར་པ་ལྦི་ནོཌ་བྷ་ཊི་ཡ་ལགས་དང་། བོད་རིག་པའི་ཆེད་མཁས་པ་ཀལོཌི་ཨརྤི་ལགས་ནས་ཀྱང་བོད་དོན་གསུང་བཤད་གནང་སོང་ལ། དུས་སྟོན་གྱི་ཉིན་དང་པོའི་ཉིན་རྒྱབ་ཏུ་༧སྐྱབས་རྗེ་ཡོངས་དགེ་མི་འགྱུར་རིན་པོ་ཆེ་ཡིས་ནང་སེམས་ཀྱི་ཞི་བདེ་བསྐྲུན་ཐབས་ཀྱི་སྐོར་ལ་ངོ་སྤྲོད་གནང་ཡོད་པ་རེད།
ཕྱི་ཟླ་ ༩ ཚེས་ ༤ ཉིན་བཀའ་བློན་ཁྲི་ཟུར་༧སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་གིས་དུས་སྟོན་འདིའི་ཐོག་བདེ་སྐྱིད་ཀྱི་སྐོར་བཀའ་སློབ་གནང་འཆར་འདུག


གསར་འགོད་པ། བསྟན་འཛིན་ཐར་འདོད།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
འཇར་མན་གྱི་མི་སེར་བོད་དོན་ལས་འགུལ་བ་ཞིག་ཧོང་ཀོང་གནམ་ཐང་ནས་ཆུ་ཚོད་བཅུ་གསུམ་རིང་འདྲི་རྩད་བྱས་རྗེས་ཕྱིར་སློག་བཏང་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
གཞི་རིམ་མི་མང་རེ་འབོད་ཚོགས་པས་ད་རེས་གྲོས་ཚོགས་སྐབས་བཅའ་ཁྲིམས་བསྐྱར་བཅོས་གནང་དགོས་པའི་རེ་སྐུལ་ཞུས་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎