ཆབ་སྲིད་བཙོན་ཟུར་དགའ་ཤར་ལྷོ་པ་དགེ་བཤེས་ཕུན་ཚོགས་དར་རྒྱས་ལགས་དགོངས་པ་རྫོགས་པ།

2022.09.23
Share on WhatsApp
Share on WhatsApp
ཆབ་སྲིད་བཙོན་ཟུར་དགའ་ཤར་ལྷོ་པ་དགེ་བཤེས་ཕུན་ཚོགས་དར་རྒྱས་ལགས་དགོངས་པ་རྫོགས་པ། བོད་ཀྱི་ཆབ་སྲིད་བཙོན་ཟུར་དགེ་བཤེས་ཕུན་ཚོགས་དར་རྒྱས་ལགས།
Photo: RFA

ཟླ་བ་འདིའི་ཚེས་ ༢༢ དགོང་མོའི་ཕྱག་ཚོད་ ༡༠ ཙམ་ལ་བོད་ཀྱི་ཆབ་སྲིད་བཙོན་ཟུར་དགེ་བཤེས་ཕུན་ཚོགས་དར་རྒྱས་ལགས་ཡོངས་གྲགས་སུ་ལོ་ཡག་ལགས་དགུང་ལོ་༥༨སྟེང་འདས་གྲོངས་སུ་ཕྱིན་པའི་གནས་ཚུལ་ཐོན་འདུག དམ་པ་ཁོང་གི་ཡུན་རིང་ངོ་ཤེས་དང་རྣམ་གྲྭ་སློབ་གྲྭའི་སློབ་སྤྱི་ཐུབ་བསྟན་ཡར་འཕེལ་ལགས་ཀྱིས། ལོ་ཤས་གོང་ནས་ཕོ་བའི་སྐྲན་ནད་གྱིས་མནར་ཏེ་གཤག་བཅོས་མི་བྱ་ཐབས་མེད་ཀྱིས་གཤག་བཅོས་ཅུང་ཟད་ལམ་ལྷོངས་ལྟ་བུ་བྱུང་ཡང་། ཕྱི་ཡི་རྨ་ཁ་གསོས་ཀྱང་ནང་གི་རྨ་ཁ་དྲག་སྐྱེད་མ་བྱུང་བར་བརྟེན། ལོ་ངོ་གཉིས་ཙམ་རིང་དགའ་ལྡན་ཤར་རྩེ་གྲྭ་ཚང་གཙོ་གྱུར་གྱིས་ཕྱི་རྒྱལ་ཁག་ཏུ་གནས་བཞུགས་རང་རིགས་ལྷག་བསམ་ཅན་དུ་མས་གཏོང་ཕོད་ཆེན་པོས་སྨན་བཅོས་འགྱུར་རོགས་མགོན་གནང་བ་ལྟར་ད་བར་སྨན་བཅོས་རིམ་པར་གནང་ཡོད་ཀྱང་། ཁ་སང་ཁོང་རྒྱ་གར་ལྷོ་ཕྱོགས་དགའ་ལྡན་ཤར་རྩེ་གྲྭ་ཚང་དེ་ཉིད་ཀྱི་གྲྭ་ཤག་ཏུ་འདས་གྲོངས་སུ་ཕྱིན་ཡོད་པ་ངོ་སྤྲོད་གནང་ཞིང་། དམ་པ་ཁོང་འདས་གྲོངས་སུ་ཕྱིན་པར་ཐུགས་སྨོན་དང་བཅས་མྱ་ངན་གུས་འདུད་ཞུ་རྒྱུ་ཞེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

དགེ་བཤེས་ཕུན་ཚོགས་དར་རྒྱས་ནི་བོད་ནང་ཕྱི་ལོ་༡༩༨༦ལོར་ལྷ་ལྡན་ལྕགས་པོ་རི་བྲག་ལྷ་ཀླུ་སྒུག་དགོན་དུ་ཆོས་ཞུགས་གནང་བ་དང་ཕྱི་ལོ་ ༡༩༨༨ ཟླ་བ་ ༣ ཚེས་ ༥ ཉིན་ལྷ་སའི་བར་སྐོར་དུ་གཞི་རྒྱ་ཆེ་བའི་རྒྱ་གཞུང་ལ་ཞི་བའི་རྔམ་སྟོན་ཁྲོམ་སྐོར་སོགས་ཀྱི་ལས་འགུལ་རིམ་པའི་ནང་མཉམ་ཞུགས་གནང་རྐྱེན། མཐར་ཕྱི་ལོ་ ༡༩༨༨ ཟླ་བ་ ༡༠ ཚེས་ ༢༤ མཚན་མོ་རྒྱ་དམག་བརྒྱ་ལྷག་གིས་བྲག་ལྷ་ཀླུ་སྒུག་དགོན་པ་མཐའ་བསྐོར་ནས་སྐུ་ཞབས་ལོ་ཡག་ལགས་འཛིན་བཟུང་གིས་ཁྲིམས་ཆད་ལོ་ངོ་ ༣ བཟོས་ཏེ་ཐོག་མར་གསང་ཡིབ་བཙོན་ཁང་དང་། དེ་རྗེས་སྟོད་ལུང་ཁྲི་ཟམ་བཙོན་ཁང་གཉིས་སུ་ལོ་གསུམ་བཙོན་འཇུག་གིས་ཁྲིམས་བཅད་བཏང་བར་མ་ཟད། ཁོང་གི་གཅུང་པོ་སྐུ་ཞབས་རྟ་མགྲིན་ཡང་ཞི་རྒོལ་གྱི་ལས་འགུལ་ནང་ཞུགས་པས་རྒྱའི་བཙོན་དུ་ཚུད་མྱོང་པའི་སྐོར་དམ་པ་ཁོང་དང་བྲག་ལྷ་ཀླུ་སྒུག་དགོན་པའི་ནང་སློབ་གཉེར་མཉམ་དུ་གནང་མྱོང་མཁན་རྣམ་རྒྱལ་གྲྭ་ཚང་སློབ་གཉེར་ཁང་གི་སློབ་སྤྱི་ཐུབ་བསྟན་ཡར་འཕེལ་ལགས་ཀྱིས་འགྲེལ་བརྗོད་གནང་བྱུང་།

ཁོང་ནི་ཕྱི་ལོ་ ༡༩༦༤ ལོར་མལ་གྲོ་གུང་དཀར་རྫོང་ཁོངས་སྡོང་པོ་སྒང་དུ་འཁྲུངས་ཤིང་། ཕྱི་ལོ་ ༡༩༩༢ ཟླ་བ་ ༧ ཚེས་ ༦ ཉིན་རྒན་ཕུན་ཚོགས་དར་རྒྱས་ཡང་ན་ལོ་ཡག་ལགས་བཙོན་གྲོལ་ཐོབ་རྗེས་རྒྱ་གར་དུ་བཙན་བྱོལ་ལ་ཕེབས་ཏེ་ལྡི་ལིར་འབྱོར། དེ་རྗེས་རྒྱ་གར་ལྷོ་ཕྱོགས་དགའ་ལྡན་ཤར་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་དུ་སྒྲིག་ཞུགས་ཀྱིས་གཞུང་ཆེན་ཁག་ལ་ཐོས་བསམ་སློབ་གཉེར་དང་། གྲྭ་ཚང་དང་ཁམས་ཚན་སོགས་ཀྱི་ཞུ་སྒོའི་ཕྱག་ལས། དགའ་ལྡན་ཤར་རྩེ་སློབ་གྲྭའི་དགེ་རྒན་སོགས་ཀྱི་ཞབས་ཞུས་འདུག

གསར་འགོད་པ། ཡེ་ཤེས་ཟླ་བ། 
རྩོམ་སྒྲིག་པ།  བསྟན་འཛིན་འཕགས་སྒྲོན། 
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཆབ་སྲིད་བཙོན་ཟུར་དགའ་ཤར་ལྷོ་པ་དགེ་བཤེས་ཕུན་ཚོགས་དར་རྒྱས་ལགས་དགོངས་པ་རྫོགས་པ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎