བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་དར་འཕེལ་གྱི་བགྲོ་གླེང་ལྷན་ཚོགས་ཤིག་བོད་ཀྱི་དཔེ་མཛོད་ཁང་དུ་འཚོགས་བཞིན་འདུག

2024.05.03
བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་དར་འཕེལ་གྱི་བགྲོ་གླེང་ལྷན་ཚོགས་ཤིག་བོད་ཀྱི་དཔེ་མཛོད་ཁང་དུ་འཚོགས་བཞིན་འདུག བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་དར་འཕེལ་གྱི་བགྲོ་གླེང་ལྷན་ཚོགས་ཤིག་བོད་ཀྱི་དཔེ་མཛོད་ཁང་དུ་འཚོགས་བཞིན་པ། ༠༥།༠༣།༢༠༢༤
བསྟན་འཛིན་ལེགས་སྨོན། RFA/Dhasa

བཞུགས་སྒར་རྡ་རམ་ས་ལར་རྟེན་གཞི་བྱས་པ་བོད་ཀྱི་དཔེ་མཛོད་ཁང་གིས་གོ་སྒྲིག་གནང་སྟེ། བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་དར་འཕེལ་གྱི་བརྗོད་གཞིའི་ཐོག་བགྲོ་གླེང་ལྷན་ཚོགས་ཤིག བཞུགས་སྒར་བོད་ཀྱི་དཔེ་མཛོད་ཁང་དུ་སྤྱི་ཟླ་༥པའི་ཚེས་༢ནས་༤བར་འཚོགས་བཞིན་པའི་སྟེང་། བོད་ཡིག་དགེ་རྒན་དང་རྩོམ་པ་པོ། བོད་ཀྱི་རིག་གཞུང་ཆེད་ལས་ཀྱི་འབུམ་རམས་པ་སོགས་སེར་སྐྱ་ཕོ་མོ་༢༤ནས་དགོངས་ཚུལ་རྩོམ་ཤོག་དང་བཅས་ཏེ་ལྷན་ཞུགས་གནང་ཡོད་པ་དང་། ཁོང་ཚོ་ཕལ་ཆེ་བའི་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཡོང་བར། བོད་ཕྲུག་ཚོར་ལོ་ཆུང་གི་སྐབས་ནས་གཞན་དང་མི་འདྲ་བའི་བོད་ཡིག་བོད་སྐད་རྒྱུད་ལ་འཇགས་ཐབས་སུ་ནུས་འདོན་དགོས་གལ་ཆེ་བའི་སྐོར་གསུང་གི་ཡོད་པ། བོད་ཀྱི་དཔེ་མཛོད་ཁང་གི་རིག་གཞུང་སྡེ་ཚན་གྱི་འགན་འཛིན་ནཱ་ག་སངས་རྒྱས་བསྟན་དར་ལགས་ནས་འགྲེལ་བརྗོད་གནང་བྱུང་།
བོད་ཀྱི་དཔེ་མཛོད་ཁང་གི་བགྲོ་གླེང་ལྷན་ཚོགས་དེའི་སྟེང་བོད་མི་བཙན་བྱོལ་བ་ཙམ་མ་ཟད། འབྲུག་དང་རྒྱ་གར་ནང་གི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་རིགས་བཅས་མཉམ་ཞུགས་གནང་ཡོད་པར་བརྟེན། ལ་དྭགས་ཤེས་རིག་ལྷན་འཛོམས་ཚོགས་པའི་དྲུང་ཆེ་ཚེ་དབང་རྒྱལ་མཚན་ལགས་ནས། ཁོ་རང་གིས་ལ་དྭགས་ནང་བྷོ་ཊིའི་སྐད་ཡིག་དར་སྤེལ་དང་། མ་འོངས་པར་ཡར་རྒྱས་གཏོང་ཐབས་དང་རྒྱབ་སྐྱོར་ཅི་དགོས་སོགས་སྐོར་བཤད་རྒྱུ་ཡིན་པ་འགྲེལ་བརྗོད་གནང་བྱུང་།

Preservation of Tibetan Language Conference (1).JPG
བོད་ནས་འབྱོར་བ་དང་ནོར་གླིང་མཐོ་སློབ་ཀྱི་རྒྱ་ཡིག་དགེ་རྒན་རྒྱལ་མཚན་ཆོས་སྐྱིད་ལགས་ནས། སོ་སོ་ལ་སྔར་མཐོང་ཐོས་མ་མྱོང་བའི་སྐད་ཡིག་སློབ་སྟངས་ཀྱི་ཐབས་ལམ་མང་པོ་ཞིག་ཚོགས་འདུ་འདི་བརྒྱུད་ནས་ཤེས་སོང་བས། སེམས་ནང་དགའ་ཚོར་བྱུང་བ་འགྲེལ་བརྗོད་གནང་གི་འདུག
རྒྱ་གར་ལྷོ་ཕྱོགས་སེ་ར་དགོན་པ་ནས་ཡིན་པའི་རྩོམ་པ་བོ་སེར་ཤུལ་རབ་གསལ་ལགས་ནས་ཀྱང་། བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་དར་སྤེལ་གྱི་རྩོམ་ཤོག་ཅིག་བྲིས་ཡོད་པའི་ནང་། ཕྱི་ན་ཡོད་པའི་བོད་མི་ཚོར་དམིགས་བསལ་བོད་ཀྱི་རིག་གཞུང་སྲུང་སྐྱོབ་ཀྱི་འགན་འཁྲི་ཡོད་པས། ང་ཚོ་མི་རེ་ངོ་རེས་ཉི་མ་རེ་རེ་བཞིན་ཕྱོགས་གང་ས་ལ་བོད་ཡིག་བེད་སྤྱོད་གཏོང་དགོས་སྐོར་བྲིས་ཡོད་འདུག
སཱ་ར་མཐོ་སློབ་ཀྱི་ཕྱི་རྒྱལ་སློབ་ཕྲུག་ལ་བོད་ཡིག་སློབ་མཁན་དགེ་རྒན་དོན་གྲུབ་སྒྲོལ་མ་ལགས་ནས། བོད་ཡིག་སློབ་སྦྱོང་བྱེད་པར་དང་པོ་སོ་སོས་དོ་སྣང་ཡག་པོ་བྱེད་དགོས་པ་སྟེ། སྤྱིའི་ཆ་ནས་ཕྱི་རྒྱལ་སློབ་ཕྲུག་ཚོས་དོ་གལ་ཆེན་པོ་གནང་གི་འདུག་པ་ལས། བོད་པའི་སློབ་ཕྲུག་ཚོས་ཁ་ནས་སྦྱང་གི་ཡིན་ཞེས་མང་པོ་གསུང་གི་ཡོད་ནའང་། སློབ་སྦྱོང་ལ་ངང་རྒྱུད་རིང་པོ་མི་འདུག་ཅེས་འགྲེལ་བརྗོད་གནང་གི་འདུག
བོད་ཀྱི་དཔེ་མཛོད་ཁང་གིས་གོ་སྒྲིག་གི་བོད་ཡིག་སྲུང་སྐྱོབ་དང་དར་འཕེལ་གྱི་བགྲོ་གླེང་སྟེང་བྲིས་པའི་རྩོམ་ཤོག་རྣམས་ཕྱོགས་བསྒྲིགས་འགྲེམས་སྤེལ་གནང་འཆར་ཡོད་པ་མ་ཟད། ཕྲུ་གུ་ལོ་ཆུང་ཚོར་ཆུང་དུས་ནས་བོད་ཡིག་དང་བོད་ཀྱི་རིག་གཞུང་གོམས་གཤིས་སེམས་རྒྱུད་དུ་འཇགས་པར། འགུལ་རིས་ཀྱི་གློག་བརྙན་སྣ་ཚོགས་གལ་ཆེན་དུ་གྱུར་པ་དེ། སྔོན་དང་མི་འདྲ་བར་ད་ཆ་བཅོས་མའི་རིག་ནུས་ཀྱིས་འགྲོ་སོང་རྒྱ་ཆེ་གཏོང་མི་དགོས་པར་བཟོ་ཐུབ་ཀྱི་ཡོད་པར་བརྟེན། འགུལ་རིས་ཀྱི་སྟེང་ཤུགས་སྣོན་བསྐྱོན་དགོས་པའི་དགོངས་འཆར་གཙོ་ཆེར་བྱུང་ཡོད་པ་རེད།


གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་འཕྲོད་བཞེས་སྤྱིའི་ཆ་ནས་ཧ་ཅང་ཡག་པོ་ཡོད་པ་སྲིད་སྐྱོང་མཆོག་གིས་གསུངས་བྱུང་།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ཞབས་ལོ་ཉི་ཤུ་འཁོར་བ་རྣམས་ལ་སྲོང་བཙན་སྒམ་པོའི་སྐུ་བརྙན་སྩལ་བ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎