འཛམ་གླིང་ནང་པའི་ཚོཊ་ཆེན་ཐོག་ཕེབས་འཆར།
2012.12.31
དེ་ཡང་ལོ་གསར་པའི་ཚེས་༥ནས་༧ བར་གྱི་ཉིན་གྲངས་གསུམ་རིང་རྒྱ་གར་བྱང་ཕྱོགས་བྷེ་ཧཱར་མངའ་སྡེའི་རྒྱལ་ས་པ་ཊི་ནའི་ནང་། སྟོན་པ་བཅོམ་ལྡན་འདས་ཀྱི་དྲན་རྟེན་སྐྱེད་མོས་ཚལ་དུ་། འཛམ་གླིང་ནང་པའི་ཆོས་ཚོགས་ཀྱི་ཚོགས་ཆེན་ཞིག་ཚོགས་ཀྱི་ཡོད་པའི་སར་། སྤྱི་ནོར་གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཆིབས་བསྒྱུར་བསྐྱང་གཏན་འཁེལ་ཡོད་པ་དང་། འཛམ་གླིང་ནང་པའི་ཚོགས་ཆེན་དེའི་ཐོག་ཐེ་ལན་ཌི་དང་། ཤྲི་རི་ལང་ཀ། ཉི་ཧོང། འབར་མ། རྒྱ་ནག་བཅས་ཀྱི་སྐུ་ཚབ་ ༡༥༠༠ བརྒལ་བ་མཉམ་ཞུགས་གནང་རྒྱུ་ཡིན་ཞིང༌། སངས་རྒྱས་དྲན་རྟེན་གྱི་སྐྱེད་མོས་ཚལ་དེ་བཞིན་༢༠༡༠ ལོར་༧གོང་ས་མཆོག་གིས་སྟོན་པ་མྱ་ངན་ལས་འདས་ཏེ་མི་ལོ་ ༢༥༥༠ འཁོར་བའི་དུས་དྲན་ཁྱད་པར་ཅན་དང་སྟབས་བསྟུན་དབུ་འབྱེད་མཛད་པ་ཞིག་ཡིན་པ་རེད།
ནང་པའི་ཚོགས་ཆེན་དེ་བཞིན་གནས་མཆོག་རྡོ་རྗེ་གདན་དུ་རྟེན་གཞི་བྱས་པའི་རྡོར་གདན་ནང་པའི་མཆོད་རྟེན་འཛིན་སྐྱོང་ཚོགས་ཆུང༌དང། བི་ཧཱར་མངའ་སྡེའི་སྒྱུ་རྩལ་དང་རིག་གཞུང་ལས་ཁུངས་ཐུན་མོང་གི་གོ་སྒྲིག་གནང་བ་ཞིག་རེད་འདུག
ཕྱི༌ཚེས་ ༤ ཉིན་༧གོང་ས་མཆོག་གིས་སྐྱེད་མོས་ཚལ་དེའི་ནང་གནས་མཆོག་རྡོ་རྗེ་གདན་དང་། ཤྲི་རི་ལང་ཀ་ནས་གདན་དྲང་བའི་བྱང་ཆུབ་ལྗོན་ཤིང་གཉིས་ཀྱི་བར་ཞུགས་སུ་གསོལ་བའི་སྟོན་པའི་སྐུ་བརྙན་ཞིག་ལ་རབ་གནས་དབུ་འབྱེད་མཛད་རྒྱུ་ཡིན་པ་དང༌། ཕྱོགས་མཚུངས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཟླ་ ༡ ཚེས་ ༧ ནས་ ༡༠ བར་ཉིན་གྲངས་བཞིའི་རིང་གནས་མཆོག་ཝ་རཱ་ཎཱ་སིར་རྟེན་གཞི་གནང་བའི་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དུ་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་གི་ཆོས་འབྲེལ་གནང་རྒྱུ་ཡིན་འདུག