རྒྱ་ནག་གི་རྒྱལ་སྟོན་ཉིན་མོར་ཐེ་ཝན་སོགས་ཡུལ་ལུང་ཁག་ཅིག་ནང་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་འདུག

2021-10-01
Share
རྒྱ་ནག་གི་རྒྱལ་སྟོན་ཉིན་མོར་ཐེ་ཝན་སོགས་ཡུལ་ལུང་ཁག་ཅིག་ནང་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་འདུག རྒྱ་ནག་གི་རྒྱལ་སྟོན་ཉིན་མོར་ཐེ་ཝན་སོགས་ཡུལ་ལུང་ཁག་ཅིག་ནང་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་སྐབས། ༡༠།༠༡།༢༡
སྒྲིག་བཟོ།/RFA

འདི་ལོའི་ཕྱི་ཟླ་༡༠་བའི་ཚེས་གཅིག་ཉིན་ནི་རྒྱ་ནག་དམར་ཤོག་སྲིད་གཞུང་དབུ་བརྙེས་ནས་ལོ་ངོ་༧༢་འཁོར་པའི་ཉིན་མོ་ཡིན་པ་དང་། ཉིན་དེར་ཐེ་ཝན་གཙོས་ཡུལ་ལུང་ཁག་ཅིག་ནང་བོད་མི་དང་ཡུ་གུར་སོགས་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་རེད།
ཐེ་ཝན་ནང་རྒྱ་ནག་དམར་ཤོག་གི་བཙན་དབང་འོག་ཡོད་པའི་གྲངས་ཉུང་མི་རིགས་བོད་མི་དང་། ཡུ་གུར་བ་ལྷོ་སོག་པོ་དང་། ཤར་ཏུར་ཀིསུ་ཐན། ཧོང་ཀོང་སོགས་ཀྱི་རང་དབང་འཐབ་རྩོད་སྒྲིག་འཛུགས་མཉམ་རུབ་ཐོག་རྒྱ་ནག་གཞུང་ལ་ངོ་རྒོལ་དང་རང་དབང་བསྐྱར་གསོའི་ཆེད་གཞི་རྒྱ་ཆེ་བའི་ལས་འགུལ་ཞིག་སྤེལ་འདུག དེའི་སྐོར་བོད་དང་ཐེ་ཝན་གྱི་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་གི་འགན་འཛིན་བཀྲ་ཤིས་ཚེ་རིང་ལགས་ཀྱིས་ཞལ་པར་བརྒྱུད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། ཐེངས་འདིའི་ལས་འགུལ་གོ་སྒྲིག་གནང་མཁན་གཙོ་བོ་ནི། ཧོང་ཀོང་དམངས་གཙོ་དོན་གཉེར་ཚོགས་པ་དང་། བོད་དང་ཐེ་ཝན་གྱི་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་གཉིས་ཡིན་པ་དང་། དེ་ནི་འདས་པས་ལོ་ངོ་༧༠ ལྷག་གྱི་ནང་རྒྱ་ནག་དམར་པོའི་གཞུང་གི་བཙན་དབང་འོག་བོད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་དང་ཁོར་ཡུག་སོགས་ལ་ཚད་ལས་བརྒལ་བའི་ཉམས་ཆག་བཏང་བ་མ་ཟད། རྒྱ་ནག་གཞུང་ཀྱི་སྡུག་རྩུབ་ཅན་གྱི་སྲིད་བྱུས་འོག་བོད་མི་༡༥༠་ལྷག་གིས་རང་ལུས་མེར་སྲེག་བཏང་ཡོད་དུས་ད་རེས་ཐེ་ཝན་ནི་རྒྱ་མི་རིགས་ཀྱི་དམངས་གཙོའི་རྒྱལ་ཁབ་ཞིག་ཡིན་པར་སོང་། ལས་འགུལ་དེ་བརྒྱུད་རྒྱ་ནག་སྐམ་ས་ཆེན་མོའི་རྒྱ་རིགས་མི་མང་ཚོ་ལ་གོ་རྟོགས་ཡོང་རྒྱུའི་རེ་བ་ཆེན་པོ་ཡོད་པ་ཅེས་དང་། སྤྱིར་ཐེ་ཝན་ནང་ལོ་ལྟར་ཕྱི་ཟླ་བཅུ་པའི་ཚེས་གཅིག་ཉིན། རྒྱ་ནག་དམར་པོའི་སྲིད་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་རབ་དང་རིམ་པ་སྤེལ་མུས་ཡིན་པ་དང་། འདི་ལོ་དམིགས་གསལ་ཐེ་ཝན་གཞུང་དམངས་གཉིས་ནས་རྒྱབ་སྐྱོར་གྱི་རྣམ་པ་དང་གསར་འགྱུར་བརྒྱུད་ལམ་ཁག་ནས་དོ་སྣང་ཆེན་པོ་བྱུང་ཡོད་པ་དང་། ཐེ་ཝན་ནང་གི་གཞུང་འབྲེལ་མིན་པའི་ཚོགས་པ་ཐེ་ཝན་སློབ་ཕྲུག་མཐུན་ཚོགས་རྒྱ་རིག་དམངས་གཙོ་མཐོ་སློབ་ལྷན་ཚོགས། ཐེ་ཝན་བོད་རང་བཙན་སློབ་ཕྲུག་ཚོགས་པ། ཐེ་ཝན་ནང་གྱི་ཆབ་སྲིད་ཚོགས་པ་འདྲ་མིན་གྱི་གྲོས་ཚོགས་འཐུས་མི་ཁག་གཅིག་ཀྱང་ལས་འགུལ་ནང་མཉམ་ཤུགས་ཀྱིས་རྒྱ་ནག་གཞུང་གི་བཙན་དབང་འོག་དཀའ་སྡུག་མྱོང་བཞིན་པའི་གྲངས་ཉུང་མི་རིགས་ཚོ་ལ་ཐེ་ཝན་གཞུང་དང་མི་མང་ནས་རྒྱབ་སྐྱོར་གནང་དགོས་པའི་རེ་འདུན་ཡང་འདོན་ཡོད་པ་ངོ་སྤྲོད་གནང་བྱུང་།
རྒྱ་གར་རྡ་རམ་སཱ་ལར་ཉིན་དེར་རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་བོད་རྒྱལ་ཡོངས་མང་གཙོ་ཚོགས་པ་གཉིས་ཟུང་འབྲེལ་གྱིས་ཡུལ་སྐོར་བ་མང་པོ་ཡོང་སའི་བྷག་སུ་ཁུལ་དུ་རྒྱ་ནག་ཉམས་རྒྱུད་དུ་སོང་ཤིག བོད་ལ་རང་དབང་རང་བཙན་དགོས་ཞེས་འཁོད་པའི་འཕྲེད་དར་བསྒྲེངས་བའི་ལས་འགུལ་སྤེལ་ཡོད་པ་རེད།
གཅིག་མཚུངས་ཨ་མི་རི་ཀའི་རྒྱལ་སར། ཨ་རིའི་ཡུ་གུར་མཐུན་ཚོགས་དང་ཡུ་གུར་འགྲོ་བ་མིའི་ཐོབ་ཐང་ལས་འཆར་ཚོགས་པ་གཉིས་ཀྱི་གོ་སྒྲིག་འོག ལིན་ཁུན་(Lincoln)་རྗེས་དྲན་མདུན་ཐང་དུ། ཡུ་གུར་རིགས་རྒྱུད་ཚར་གཅོད་མཚམས་འཇོག་དགོས་ཅེས་པའི་འབོད་སྒྲ་དང་མཉམ་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་དང་། སྐབས་དེར་ཨ་མི་རི་ཀའི་གྲོས་ཚོགས་འཐུས་མི་ཁག་ཅིག་དང་གཞུང་ཚབ་མི་སྣ་ཁག་ཅིག་བཅས་མཉམ་ཞུགས་དང་ལས་འགུལ་ལ་རྒྱབ་སྐྱོར་དང་རྒྱ་ནག་གཞུང་ལ་སྐྱོན་བརྗོད་ཀྱི་གཏམ་བཤད་གནང་ཡོད་པ་རེད།
དེ་བཞིན་དབྱིན་ཡུལ་གྱི་རྒྱལ་སར་ཡང་བོད་མི་དང་ཡུ་གུར་བ། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་ལ་རྒྱབ་སྐྱོར་གནང་མཁན་སོགས་མང་པོ་འཛོམས་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་འདྲ་མིན་སྤེལ་ཡོད་པ་རེད།
སྤྱིར་ཐེ་ཝན་ནང་བོད་མི་མི་འབོར་ཉུང་ཤས་ལས་མེད་ན་ཡང་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་དང་། བོད་དང་ཐེ་ཝན་གྱི་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་། དེ་བཞིན་ཐེ་ཝན་ནང་གི་གཞུང་འབྲེལ་མ་ཡིན་པས་ཚོགས་པ་ཁག་མཉམ་རུབ་ཐོག་བོད་དོན་དང་འབྲེལ་བའི་ལས་འགུལ་མང་དག་ཞིག་སྤེལ་གནང་གི་ཡོད་པ་རེད།
བོད་དང་ཐེ་ཝན་གྱི་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་དེ་བཞིན་ཕྱི་ལོ་༢༠༡༦་ལོར་གསར་བཙུགས་དེབ་སྐྱེལ་ཞུས་རྗེས། ཐེ་ཝན་ནང་ཐེ་ཝན་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་ཞེས་པའི་ཚོགས་པ་ཞིག་གསར་འཛུགས་གནང་ཐུབ་པ་བྱུང་ཡོད་པ་དང་། ཚོགས་པ་དེ་བརྒྱུད་བོད་ནང་གྱི་དངོས་ཡོད་གནས་ཚུལ་སོགས་གྲོས་ཚོགས་བརྒྱུད་ཐེ་ཝན་མི་མང་ལ་གོ་རྟོགས་སྤེལ་རྒྱུར་ཕན་ཐོགས་ཆེན་པོ་ཡོང་གི་ཡོད་པ་རེད་འདུག

གསར་འགོད་པ། པ་སངས་ཚེ་རིང་།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།