རྒྱ་ནག་གི་ཕྱི་འབྲེལ་བློན་ཆེན་ཆིན་ཀང་གི་གནས་ཚུལ་གསལ་བོ་མེད་པར་གར་སོང་ཆ་མེད་གྱུར་འདུག

2023.07.18
རྒྱ་ནག་གི་ཕྱི་འབྲེལ་བློན་ཆེན་ཆིན་ཀང་གི་གནས་ཚུལ་གསལ་བོ་མེད་པར་གར་སོང་ཆ་མེད་གྱུར་འདུག རྒྱ་ནག་གི་ཕྱི་འབྲེལ་བློན་ཆེན་ཆིན་ཀང་། ༠༡།༡༡།༢༠༢༣
REUTERS

རྒྱ་ནག་གི་ཕྱི་འབྲེལ་བློན་ཆེན་ཆིན་ཀང་(Qin Gang)་གི་གནས་ཚུལ་གསལ་བོ་མེད་པར་གར་སོང་ཆ་མེད་དུ་གྱུར་ནས་ཉིན་གྲངས་༢༠ལྷག་ཕྱིན་ཡོད་པ་དང་། ཟླ་༧པའི་ཚེས་༡༧ ཉིན་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་འཆར་ཅན་གསར་འགོད་གསལ་བསྒྲགས་སྐབས། མགྲིན་ཚབ་པ་མི་ལིར་གྱིས་གསར་འགོད་པ་ཞིག་གི་དྲི་བར། ཨ་རིའི་ཕྱི་སྲིད་དྲུང་ཆེ་(Blinken)་གྱིས་བདུན་ཕྲག་སྔོན་མར་ཚོགས་པའི་ཤར་ཨེ་ཤེ་ཡའི་མཐུན་ཚོགས་ཀྱི་ཆེས་མཐོའི་ལྷན་ཚོགས་སུ་རྒྱ་ནག་གི་ཆེས་མཐོའི་ཕྱི་འབྲེལ་དཔོན་རིགས་ཝང་ཡེ་ལ་ཐུག་སྐབས་མི་རིང་བར་ཆིན་ཀང་མཐོང་ཐུབ་པའི་རེ་བ་ཡོད་ཅེས་ཐུགས་ཁུར་གནང་ཡོད་ཚུལ་ལན་བཏབས་འདུག
ལོ་ན་༥༧ལ་སོན་པའི་ཆིན་ཀང་ལོ་སྔོན་མའི་ཟླ་༡༢པའི་ཚེས་༣༠ཉིན་རྒྱ་ནག་ཕྱི་འབྲེལ་བློན་ཆེན་དུ་བསྐོས། ད་ལོའི་ཟླ་༦པའི་ཚེས་༢༥ནས་གར་སོང་ཆ་མེད་དུ་གྱུར། ཟླ་༧པའི་ཚེས་༡༡ ཉིན་རྒྱ་ནག་གི་ཕྱི་འབྲེལ་ལྷན་ཁང་གི་མགྲིན་ཚབ་པ་ཝང་ཝིན་པིན་གྱིས་ཁོང་གི་གཟུགས་གཞིའི་བདེ་མིན་གྱི་དབང་གིས་ཆིན་ཀང་ཤར་ཨེ་ཤེ་ཡི་ཆེས་མཐོའི་ལྷན་ཚོགས་སུ་ཞུགས་མི་ཐུབ་པས། ཝང་ཡེ་ཡིས་ཚབ་བྱས་ནས་བཅར་རྒྱུ་ཡིན་ལུགས་འགྲེལ་བརྗོད་གནང་བ་ལས་འཕྲོད་བསྟེན་བདེ་ཐང་གི་གནད་དོན་ཁ་གསལ་བཏོན་མེད་པ་རེད།
ཟླ་༧པའི་ཚེས་༡༧ཉིན། རྒྱ་ནག་ཕྱི་འབྲེལ་ལྷན་ཁང་གི་འཆར་ཅན་གསར་འགོད་གསལ་བསྒྲགས་སྐབས། གསར་འགོད་པས་ཐེངས་བཞི་ལ་ཆིན་ཀང་གི་སྐོར་འདྲི་རྩད་བྱས་ཀྱང་། མགྲིན་ཚབ་པ་མའོ་ཉིན་གྱིས་ཁྱེད་ཚོས་བཤད་པའི་གནས་ཚུལ་དེ་ངས་མི་ཤེས་པས་གནས་ཚུལ་མཁོ་སྤྲོད་བྱེད་རྒྱུ་ཅི་ཡང་མེད་ཅེས་ལན་བཏབས་འདུག
ཆིན་ཀང་གར་སོང་ཆ་མེད་དུ་གྱུར་བའི་སྐོར་ལ་རྒྱ་ནག་ཕྱི་ནང་དུ་དཀྲོག་གཏམ་གང་སར་ཁྱབ་བཞིན་པ་ལྟར། ཨ་རིར་གནས་སྡོད་གནད་དོན་དབྱེ་ཞིན་པ་ཏེང་ཡུ་ཝིན་གྱིས་ཆིན་ཀང་ནི་ཞི་ཅིན་ཕིང་གི་མི་རེད། གལ་ཏེ་མ་འོངས་པའི་ཉིན་ཤས་རིང་ད་དུང་ཡང་མཐོང་རྒྱུ་མེད་ཚེ་གནད་དོན་ཞིག་བྱུང་བ་མ་ཟད། ཚབས་ཆེན་ཞིག་ཀྱང་ཡིན་ངེས། གཅིག་བྱས་ན་ཕོ་མོ་བརྩེ་དུང་ཙམ་མིན་པར་དབང་ཆ་འཐབ་རྩོད་དང་། ཡང་ན་རུལ་སུངས་དང་འབྲེལ་བ་ཡོད་ངེས་ཞེས་དཔྱད་པ་བཏང་འདུག
དེ་བཞིན་དུ་རྒྱ་ནག་གི་གསར་འགོད་པ་དང་སྤྱི་ཚོགས་དྲ་ལམ་གྱི་རྩོམ་འབྲི་བ་གྲགས་ཅན་ཀོ་ཡུ་ཡིས་ཟླ་༦པའི་ཚེས་༢༥ཉིན་རྒྱ་ནག་དབུས་སྒྲིག་ཁྲིམས་ལྟ་ཞིབ་ལྷན་ཁང་གིས་ཆིན་ཀང་འབོད་འགུག་གིས་འདྲི་རྩད་བྱས་འདུག གཙོ་བོ་བུད་མེད་ཅིག་ལ་ལུས་འབྲེལ་བྱུང་ནས་བྱིས་པ་ཞིག་སྐྱེས་པའི་སྐོར་ཡིན་ཞིང་། བུད་མེད་དེ་གནད་དོན་ཞིག་ལ་རྐྱེན་བྱས་ཏེ་འདྲི་རྩད་སྐབས་ཆིན་ཀང་དང་འབྲེལ་བ་ཡོད་པ་བཤད་འདུག དེ་ལྟ་ན་ཧ་ལམ་ཆིན་ཀང་གི་མདུན་ལམ་རྫོགས་པ་རེད། ཅེས་རྒྱ་ནག་ནང་གི་སྤྱི་ཚོགས་བརྒྱུད་ལམ་སྟེང་གླེང་བཞིན་ཡོད་ཚུལ་བཤད་པ་དང་མཉམ་དུ་རྒྱ་ནག་གི་ཧྥིན་ཧྭང་བརྙན་འཕྲིན་ཁང་གི་མདོ་འཛིན་པ་ཧྥུ་ཞོ་ཐེན་གྱི་འདྲ་པར་ཞིག་དང་ལོ་རྒྱུས་བཅས་སྦྱར་ཡོད་འདུག


གསར་འགོད་པ། སྟག་ལྷ་རྒྱལ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཀརྨ་ཚེ་བརྟན་བོད་རང་སྐྱོང་ལྗོངས་མི་མང་སྲིད་གཞུང་གི་འགོ་གཙོའི་ལས་ཚབ་ཏུ་བསྐོ་གཞག་བྱས་ཡོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གིས་བལ་ཡུལ་ལ་ཨ་སྒོར་ས་ཡ་ ༢༠ རོགས་སྐྱོར་བྱ་རྒྱུ་སོགས་དོན་ཚན་དགུ་ཅན་གྱི་གྲོས་མཐུན་ལ་མཚན་རྟགས་བསྐྱོན་ཡོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎