སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཚེ་མེད་ཞི་བའི་ལྟ་གྲུབ་ཀྱི་གལ་གནད་སྐོར་བཀའ་སློབ་བཀའ་དྲིན་བསྩལ་གནང་མཛད་པ།

2024.09.04

* གནས་ཚུལ་ཁ་སྣོན་བྱས་ཡོད།

ཕྱི་ལོ་ ༢༠༢༤ ཟླ་ ༩ པའི་ཚེས་ ༤ ཉིན་ཧྥི་ལི་པིན་(Philippines)རཱ་མོན་མེག་སེ་སེ་གཟེངས་རྟགས་(Ramon Magsaysay Award)ཐེབས་རྩའི་འགན་འཛིན་ལྷན་ཚོགས་དང་། ཐེབས་རྩའི་ཚོགས་མི། རཱ་མོན་མེག་སེ་སེ་གཟེངས་རྟགས་ཐོབ་མྱོང་མཁན་རྒྱ་གར་བ་བཞི་དང་། ཧྥི་ལི་པིན་གྱི་མི་གཉིས། གཞན་ཡང་སྐུ་མགྲོན་སོགས་མི་གྲངས་ ༥༠ ཙམ་ནས། གཟེངས་རྟགས་དེ་བཞིན་འབུལ་འགོ་བཙུགས་ནས་ལོ་ངོ་ ༦༥ ཧྲིལ་པོ་འཁོར་བ་དང་བསྟུན། བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུས་གནང་སོང་བ་དང་། མཇལ་ཁ་གྲུབ་མཚམས་སུ་དགའ་ལྡན་ཕོ་བྲང་ཡིག་ཚང་གིས་དྲྭ་ལམ་ཐོག་༸གོང་ས་མཆོག་གིས་དད་ལྡན་མཇལ་བཅར་བ་རྣམས་ལ་བསྩལ་བའི་བཀའ་སློབ་འདོན་སྤེལ་གནང་འདུག་པ་དེའི་ནང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་མཇལ་བཅར་བ་རྣམས་ལ་རྒྱ་གར་གྱི་གནའ་བོའི་འཚེ་མེད་ཞི་བའི་ལྟ་གྲུབ་ནི་འཛམ་གླིང་ནང་ཞི་བདེ་བསྐྲུན་རྒྱུའི་ས་བོན་ལྟ་བུ་དེ་ཡིན་པས་ཚང་མས་གཅིག་གྱུར་གྱིས་ལག་བསྟར་ཐུབ་པ་གནང་རྒྱུ་གལ་ཆེན་ཡིན་ཞེས་བཀའ་སློབ་བཀའ་དྲིན་བསྩལ་གནང་མཛད་འདུག

མཇལ་ཁ་གྲུབ་མཚམས་སུ་རཱ་མོན་མེག་སེ་སེ་གཟེངས་རྟགས་ཐེབས་རྩ་ཁང་གི་འགན་འཛིན་ཆེ་ཆེ་ལ་ཛི་ Cheche Laze ལགས་ནས་ཐེངས་འདིར་༸གོང་ས་མཆོག་གི་མཇལ་ཁ་ཐོབ་པ་དེ་ནི་ཤིན་ཏུ་ནས་བྱིན་རླབས་ཅན་ཞིག་དང་བརྗེད་དཀའ་བའི་དྲན་རྟེན་ཞིག་ཀྱང་ཡིན་ཞེས་གསུངས་བྱུང་།

458384898_904747428348747_423368879018227778_n.jpg
སྤྱི་ནོར་༧གོང་ས་མཆོག་གིས་བཀའ་སློབ་སྩལ་སྐབས། ༠༩།༠༤།༢༠༢༤ པར། དགའ་ལྡན་ཕོ་བྲང་།

ཡང་དེ་སྔ་རཱ་མོན་མེག་སེ་སེ་གཟིངས་རྟགས་བཞེས་མཁན་Aruna Royལགས་ནས། ང་རང་ལོ་༡༠ཡིན་པའི་སྐབས་༸གོང་ས་མཆོག་ཐོག་མར་མཇལ་མྱོང་ཡོད་པ་དང་། ཕྱིས་སུ་ཁོང་དང་ཐེངས་མང་པོ་མཇལ་རྒྱུའི་གོ་སྐབས་བྱུང་། ཁོང་ནི་ངའི་མི་ཚེའི་ནང་གི་མི་སྣ་གལ་ཆེ་ཤོས་ཤིག་ཆགས་ཀྱི་ཡོད་པ་དང་། ཁོང་གི་བཀའ་དགོངས་བཞིན་ངས་མུ་མཐུད་དགོས་མཁོ་ཅན་གྱི་མི་རྣམས་ལ་བྱམས་དང་སྙིང་རྗེ་སྒོམ་པའི་ཐོག་ནས་རོགས་རམ་བྱ་རྒྱུའི་འདུན་པ་ཡོད་ཅེས་གསུངས་བྱུང་། ཡང་ T.M Krishna ལགས་ཀྱིས། ༸གོང་ས་མཆོག་ནི་འཛམ་གླིང་འདིའི་ཐོག་མི་སྣ་དམིགས་བསལ་ཅན་ཞིག་ཡིན་པ་དང་ཁོང་ནས་དུས་རྟག་ཏུ་འཛམ་གླིང་འདིའི་ཐོག་བྱམས་སྙིང་རྗེ་དང་འཚེ་བ་མེད་པའི་ལྟ་གྲུབ་སྐོར་གསུངས་ཀྱི་ཡོད་པས་ཐེངས་འདིར་ཁོང་གི་མཇལ་ཁ་ཐོབ་པ་དེ་ནི་བྱིན་རླབས་ཆེ་ཞིང་བརྗེད་དཀའ་བའི་དུས་བཟང་ཞིག་ཀྱང་ཡིན་པ་གསུངས་བྱུང་།

སྤྱི་ལོ་༡༩༥༨ནས་བཟུང་རཱ་མོན་མེག་སེ་སེ་གཟེངས་རྟགས་(Ramon Magsaysay Award)་ཐོབ་མཁན་ཨེ་ཤེ་ཡའི་མངའ་ཁུལ་གྱི་མི་སྒེར་༣༢༦དང་། ཚོགས་སྡེ་ཁག་༢༢་བྱུང་ཡོད་པ་རྣམས་ཀྱིས་སྙིང་སྟོབས་ཆེན་པོའི་ངང་སྒེར་སེམས་མེད་པར་གཞན་ཕན་ཆེད་ཞབས་ཞུ་ཞུས་ནས་སྤྱི་ཚོགས་ནང་ཕན་བདེ་བསྐྲུན་པ་སོགས་ཀྱི་གནས་ཚུལ་བསྡུ་རུབ་ཀྱིས་དེབ་ཐེར་གླེགས་བམ་བདུན་དཔར་བསྐྲུན་གནང་ཡོད་པ་དང་། ད་རེས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་བཅར་དང་མཉམ་དེབ་ཐེར་བདུན་པོ་འབུལ་ལམ་ཞུས་ཡོད་པ་རེད།

རྩ་བའི་ཕྱི་ལོ་ ༡༩༥༩ ལོར་༸གོང་ས་མཆོག་དགུང་གྲངས་ ༢༤ ལ་ཕེབས་སྐབས་རཱ་མོན་མེག་སེ་སེ་གཟེངས་རྟགས་ཐེབས་རྩའི་ངོས་ནས་༸གོང་ས་མཆོག་ལ་གཟེངས་རྟགས་དེ་ཉིད་འབུལ་བཞེས་མཛད་ཡོད་པ་བཅས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་རཱ་མོན་མེག་སེ་སེ་གཟེངས་རྟགས་བཞེས་མཁན་སྐུ་ན་གཞོན་ཤོས་དེ་ཆགས་ཀྱི་ཡོད་པ་རེད་འདུག

གསར་འགོད་པ། བདེ་ཆེན་དབང་མོ།

རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།



བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
འཇར་མན་གྱི་མི་སེར་བོད་དོན་ལས་འགུལ་བ་ཞིག་ཧོང་ཀོང་གནམ་ཐང་ནས་ཆུ་ཚོད་བཅུ་གསུམ་རིང་འདྲི་རྩད་བྱས་རྗེས་ཕྱིར་སློག་བཏང་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
གཞི་རིམ་མི་མང་རེ་འབོད་ཚོགས་པས་ད་རེས་གྲོས་ཚོགས་སྐབས་བཅའ་ཁྲིམས་བསྐྱར་བཅོས་གནང་དགོས་པའི་རེ་སྐུལ་ཞུས་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎