རྒྱ་ནག་གི་ཉེན་རྟོག་པའི་བྱ་སྤྱོད་ལ་ངོ་རྒོལ་བྱས་འདུག
2012.08.14
བོད་ནས་གནས་ཚུལ་འབྱོར་བ་ལྟར། ཕྱི་ཚེས་༡༣ཉིན་སེང་གེ་གཤོང་གི་བོད་མི་སྐལ་བཟང་དང་། དཀོན་མཆོག་ཉི་མ། ཤ་བོ་ཚེ་རིང་། དཀོན་མཆོག་ནོར་བུ་བཞིས་རླངས་འཁོར་བསྐོར་ནས་འགྲོ་སྐབས། ས་གནས་རྒྱ་ནག་གི་ཉེན་རྟོག་པ་ར་བཟི་ཡོད་པ་སྐོར་ཞིག་ཡོང་སྟེ་ཁོང་ཅག་དོན་མེད་དུ་བཀག་འགོག་བྱས་ཏེ། འདྲི་རྩད་སྣ་ཚོགས་དང་འཇིགས་སྐུལ་སོགས་བྱས་མཐར་ཁོང་ཅག་གི་བར་འཁྲུག་འཛིང་བྱུང་སྟེ། ཉེན་རྟོག་པ་ཚོས་བོད་མི་དེ་ཚོར་ཉེས་རྡུང་ཚོད་མེད་བཏང་སྟེ་རྨས་སྐྱོན་ཚབས་ཆེན་བཟོས་ཡོད་འདུག ད་དུང་ཉེན་རྟོག་པ་ཚོས་མེ་མདའ་བརྒྱབ་ཡོད་པའི་སྐད་ཆ་ཞིག་ཀྱང་འདུག
ཕྱི་ཚེས་༡༤ཉིན་བོད་ཨ་མདོ་རེབ་གོང་སེང་གེ་གཤོང་གི་ས་གནས་མི་མང་༤༠༠ཡས་མས་ཤིག་གིས་ལག་ཏུ་ “སྲིད་གཞུང་གི་སྤྱི་བདེ་ཅུའུས་ཡིས་མི་དམངས་ལ་བཅར་རྡུང་བྱེད་པ།” ཞེས་བོད་ཡིག་དང་རྒྱ་ཡིག་གཉིས་ཀས་བྲིས་པའི་འཕྲེད་དར་འཕྱར་ཏེ། གཞུང་ལམ་བརྒྱུད་ཐོན་རིན་རྫོང་དུ་གོམ་བགྲོད་ཀྱི་སོང་ནས་སྤྱི་བདེ་ཅུའུ་མདུན་དུ་ངོ་རྒོལ་སྐད་འབོད་བྱས་ཡོད་པ་དང་། སྡེ་མི་རྒན་པ་ཚོས་དྲག་པོའི་རྣམ་འགྱུར་ཙམ་ཡང་མ་སྟོན་རོགས། སྲིད་གཞུང་གིས་དམག་མི་མངགས་ནས་དྲག་གནོན་བྱེད་་བསམ་ཡོད་པ་རེད་ཅེས་སློབ་གསོ་གཏོང་གིན་ཡོད་པ་བཅས་ཀྱི་གནས་ཚུལ་ཐོན་འདུག