དབུལ་སྐྱོར་རོགས་དངུལ་དགོས་ན་ཞིས་ཅིན་ཕེན་གྱི་པར་བཤམ་དགོས་ཟེར།

2019-05-31
གློག་འཕྲིན།
མཆན།
Share
པར་བཀོད།
མཚོ་སྔོན་གསེར་ཆེན་ཕྱོགས་ཀྱི་བོད་མིའི་ཁྱིམ་ཚང་ནང་ཞིས་ཅིན་ཕེན་གྱི་འདྲ་པར་སྒྲིག་བཤོམ། ༢༠༡༩
མཚོ་སྔོན་གསེར་ཆེན་ཕྱོགས་ཀྱི་བོད་མིའི་ཁྱིམ་ཚང་ནང་ཞིས་ཅིན་ཕེན་གྱི་འདྲ་པར་སྒྲིག་བཤོམ། ༢༠༡༩
བོད་འབྱོར།

རྒྱ་ནག་གཞུང་གིས་མཚོ་སྔོན་གསེར་ཆེན་ཕྱོགས་སུ་བོད་མིར་དབུལ་སྐྱོར་རོགས་དངུལ་སྤྲོད་ཞོར་ཞིས་ཅིན་ཕེན་གྱི་འདྲ་པར་སྒྲིག་བཤོམ་བྱེད་དུ་འཇུག་བཞིན་པ་རེད་འདུག
རྒྱ་ནག་གཞུང་གིས་མཚོ་སྔོན་གསེར་ཆེན་རྫོང་ཆབ་ཆ་གྲོང་བརྡལ་ཨེར་སྟི་ཡུལ་ཚོའི་སྡེ་བ་ཞིག་གི་ཁྱིམ་ཚང་སུམ་ཅུ་ལྷག་ལ་དབུལ་སྐྱོར་རོགས་དངུལ་རྒྱ་སྒོར་དྲུག་སྟོང་རེ་སྤྲད་ནས་ཞིས་ཅིན་ཕེན་གྱི་འདྲ་པར་ཁྱིམ་ཚང་ནང་མཐོ་ས་ཞིག་ཏུ་སྒྲིག་བཤོམ་བྱེད་དུ་འཇུག་བཞིན་པ་རེད་འདུག
བོད་ནས་ཕྱི་ལོག་གི་བོད་མི་ཞིག་བརྒྱུད་དེ་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་ཁོངས་ཀྱི་མཚོ་སྔོན་པོའི་ལྷོ་རྒྱུད་ཀྱི་གསེར་ཆེན་རྫོང་ཆབ་ཆ་གྲོང་བརྡལ་ཨེར་སྟི་ཡུལ་ཚོའི་སྡེ་བ་ཞིག་ཏུ། ཉེ་ཆར་ཁྱིམ་ཚང་སུམ་ཅུ་ལྷག་ལ་གོང་རིམ་ནས་དབུལ་སྐྱོར་ལ་རྒྱ་སྒོར་དྲུག་སྟོང་རེ་སྤྲོད་བཞིན་ཡོད་པ་དང་། གལ་ཏེ་རོགས་དངུལ་ཏེ་དགོས་ཚེ་ཆ་རྐྱེན་ནི་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕེན་གྱི་འདྲ་པར་ངེས་པར་དུ་ཁང་པའི་ནང་གི་མཐོ་ས་ཞིག་ཏུ་བཤམ་དགོས་པ་དང་། ཞིས་ཅིན་ཕེན་གྱི་འདྲ་པར་སྒྲིག་བཤམས་མ་བྱས་ཚེ་རོགས་དངུལ་དེ་དག་སྤྲོད་རྒྱུ་མིན་པས་བཀའ་རྒྱ་བཏང་ཡོད་པ་རེད།
ས་གནས་ཀྱི་མིང་བརྗོད་འདོད་མེད་པའི་བོད་མི་ཞིག་གིས་གསུང་ན། ས་གནས་ཀྱི་འབྱོར་བ་ཞན་པ་དང་འཚོ་བར་དཀའ་ཁག་ཡོད་པའི་མི་མང་དེ་དག་གིས་བཀའ་རྒྱ་དེ་དང་ལེན་མི་བྱེད་ཐབས་མེད་ཆགས་ནས་ད་ལྟ་ཞིས་ཅིན་ཕེན་གྱི་འདྲ་པར་ཁང་བའི་ནང་སྒྲིག་བཤམས་བྱས་ཡོད་པ་གསུངས་བྱུང་།
གཞུང་གི་རོགས་དངུལ་བླངས་པའི་ཁྱིམ་ཚང་དེ་དག་གིས། གོང་གི་པར་ནང་མཐོང་བ་འདི་བཞིན་ཞིས་ཡི་འདྲ་པར་ཐང་ག་ལས་མཐོ་བའི་ཁང་བའི་མཐོ་སར་པོ་ཏ་ལའི་པར་དང་མཉམ་དུ་བཤམས་ཡོད་པ་དང་། བོད་མི་དེ་དག་གིས་སེམས་ནས་དེ་ལྟར་གནང་འདོད་མེད་ཀྱང་འཚོ་བའི་ཆེད་དུ་དེ་ལྟར་མི་བྱེད་ཐབས་མེད་ཡིན་པའི་རྣམ་འགྱུར་སྟོན་གྱིན་འདུག་ཅེས་གོང་བརྗོད་བོད་མི་དེས་མུ་མཐུད་དུ་གསུང་ཡོད།
གསེར་ཆེན་རྫོང་ནི་མཚོ་སྔོན་ཞིང་ཆེན་གྱི་ལྟེ་གནས་ཟི་ལིང་གྲོང་ཁྱེར་དང་རྒྱང་ཐག་སྤྱི་ལེ་༡༤༢་ཙམ་གྱི་ས་ན་ཡོད་པ་དང་། དེའི་ཁོངས་ཀྱི་ཨེར་སྟི་ཡུལ་ཚོ་དེར་ཨེར་སྟི་དང་ལམ་ལུང་། ཆུ་ནག་སོགས་སྡེ་བ་ལྔ་ཡོད་ལ་མི་གྲངས་བཞི་སྟོང་ཙམ་ཡོད་འདུག
ཉེ་ཆར་གསེར་རྟ་ཁུལ་གྱི་འགྲོ་ལམ་སོགས་ཡག་པོ་མེད་པའི་འབྲོག་པའི་ལུང་ཁུག་ཁག་ཏུ་ཡང་རྒྱ་ནག་གི་ལས་བྱེད་པ་འབྱོར་ནས། དབུལ་ཕོངས་ངལ་སེལ་ཟེར་བའི་ལས་འགུལ་སྤེལ་བར་འོངས་ནས་ས་གནས་ཀྱི་བོད་མི་ཚོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་སྒྲིག་གཤོམ་མི་ཆོག་པའི་བཀོད་ཁྱབ་བཏང་པའི་གནས་ཚུལ་ཡང་བྱུང་བ་དང་། བོད་རང་སྐྱོང་ལྗོངས་ཟེར་བའི་སྲིད་གཞུང་གི་འགོ་ཁྲིད་ཚོས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་སྒྲིག་གཤོམ་གྱིས་ཕྱག་མཆོད་འབུལ་བྱེད་རྒྱུའི་ཚབ་ཏུ་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕེན་གྱི་པར་སྒྲིག་གཤོམ་བྱེད་དགོས་པའི་གཏམ་བཤད་སྤེལ་བའི་གནས་ཚུལ་ཡང་ཐོན་ཡོད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།