བོད་ནང་རང་ལུས་མེར་བསྲེག་གནང་མཁན་དང་ཁོང་ཚོའི་ནང་མིར་རོགས་དངུལ་སོགས་གཅོད་བཞིན་ཡོད་འདུག

2022.06.29
བོད་ནང་རང་ལུས་མེར་བསྲེག་གནང་མཁན་དང་ཁོང་ཚོའི་ནང་མིར་རོགས་དངུལ་སོགས་གཅོད་བཞིན་ཡོད་འདུག བོད་ནང་བོད་དོན་ཆེད་རང་ལུས་མེར་བསྲེག་གནང་མཁན་རྣམ་པའི་པར།
freetibet.org

དེ་ཡང་ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཟུར་པ་དང་། ཁེ་ཎ་ཌའི་ཌོ་རོན་ཌོ་གཙུག་ལག་སློབ་ཆེན་གྱི་འབུམ་རམས་པ་རྒྱལ་ལོ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུང་ན། རྒྱ་ནག་གཞུང་གིས་བོད་ཐོག་འཛིན་བཞིན་པའི་དམ་དྲག་གི་སྲིད་ཇུས་ལ་བོད་ནང་གི་བོད་མི་ཚོས་ངོ་རྒོལ་བྱས་ནས། དེ་སྔ་ཕྱི་ལོ་༢༠༠༨ལོར་བོད་ས་ཁྱོན་ཡོངས་སུ་བྱུང་བའི་ས་བྱི་ཞི་རྒོལ་ཆེན་མོ་དང་། དེའི་རྗེས་རང་ལུས་མེར་བསྲེག་དོན་རྐྱེན་དང་འབྲེལ་བའི་བོད་མི་མང་པོ་ཞིག་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ནས་དུས་ཡུན་འདྲ་མིན་གྱི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་པ་མང་པོ་ཞིག་ད་ཆ་བཙོན་གྲོལ་བྱུང་ཡོད་ཀྱང་། ད་ཆ་སྤྱི་ཚོགས་སྟེང་ཡོད་པའི་ཆབ་སྲིད་བཙོན་ཟུར་ཚོར་དམ་དྲག་འདྲ་མིན་གྱི་དབང་གིས་ལས་ཀ་མི་རག་པ་དང་། དངུལ་བུན་གཡར་ནས་ཚོང་ལས་སོགས་གཉེར་བར་དཀའ་ངལ་འཕྲད་བཞིན་པ་མ་ཟད། བཙོན་ཟུར་དེ་དག་གི་ནང་མི་གཉེན་ཉེ་དང་བུ་ཕྲུག་ཚོར་ཡང་ཉེས་ཆད་བཅད་ནས་གཞུང་གི་ལས་ཀ་མི་སྤྲོད་པ་དང་། བུ་ཕྲུག་སློབ་གྲྭར་ཚུད་དཀའ་བ། སློབ་གྲྭ་ཆེན་མོར་ཡིག་རྒྱུགས་སྤྲོད་དུ་མ་བཅུག་པ། གཞུང་གི་རོགས་དངུལ་སོགས་བཅད་ནས་སྤྱི་ཚོགས་ཀྱི་ཐོབ་ཐང་མང་པོ་ཞིག་མེད་པར་བཟོས་བའི་དཀའ་ངལ་འཕྲད་བཞིན་ཡོད་པ་གསུངས་བྱུང་།
གཞན་རྒྱལ་ལོ་ལགས་ཀྱིས་མུ་མཐུད་དུ་གསུངས་ན། བོད་དོན་ཆེད་རང་ལུས་མེར་བསྲེག་བཏང་ཀྱང་མ་གྲོངས་བར་དབང་བོ་སྐྱོན་ཅན་དུ་གྱུར་ཡོད་མཁན་ཚོའི་ནང་མི་ཚོར་གཞུང་གི་རོགས་དངུལ་ཡོངས་སུ་བཅད་པ་མ་ཟད། གཉེན་ཉེ་ཚོས་ཀྱང་རོགས་བྱེད་མི་ཆོག་པ་བཟོས་བའི་གནས་སྟངས་འོག་ཁ་ཤས་ཀྱི་ཉིན་རེའི་འཚོ་བར་ཡང་དཀའ་ངལ་འཕྲད་བཞིན་པའི་གནས་སྟངས་མཚོ་སྔོན་དང་ཀན་ལྷོ་ཕྱོགས་ཀྱི་འབྲེལ་ཡོད་བོད་མིས་ཁག་ཅིག་གིས་ཁོང་ལ་བཤད་མྱོང་པ་གསུངས་བྱུང་།
དེ་སྔ་འདི་ག་རླུང་འཕྲིན་ཁང་ལ་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་མཛོད་དགེ་རྫོང་སྲིད་གཞུང་གིས་བཀྲམ་པའི་ཡིག་ཆ་ཞིག་འབྱོར་བའི་ནང་། རང་ལུས་མེར་བསྲེག་གཏོང་མཁན་གྱི་ནང་མིར་ལོ་གསུམ་ནང་ས་ཁོངས་བེད་སྤྱོད་དང་། མ་དངུལ་ཁ་གསབ་ཐེ་བའི་གཞུང་གི་རོགས་སྐྱོར་ཆ་ཚང་མེད་པ་བཟོ་རྒྱུ་མ་ཟད། ཁོང་ཚོས་རང་ལུས་མེར་བསྲེག་མ་བཏང་སྔོན་གྱི་ལོ་གསུམ་རིང་གཞུང་གི་མ་དངུལ་རོགས་རམ་ཐོབ་པ་ཆ་ཚང་ཕྱིར་སློག་དགོས་བ་དང་། རང་ལུས་མེར་བསྲེག་གཏོང་མཁན་གྱི་ནང་མི་ཚོ་ལོ་གསུམ་རིང་ལྷ་སར་གནས་མཇལ་དུ་བསྐྱོད་མི་ཆོག་པ། དེ་མིན་རང་ལུས་མེར་བསྲེག་གཏོང་མཁན་བྱུང་སའི་དགོན་སྡེ་ཁག་ནས་ངེས་བར་དུ་རྒྱ་ནག་གཞུང་ལ་ཉེས་ཆད་རྒྱ་སྒོར་ཆིག་ཁྲི་ནས་ལྔ་ཁྲི་ལྔའི་ཆད་པ་སྤྲོད་དགོས་བ་སོགས་འཁོད་འདུག

གསར་འགོད་པ། ལྩགས་མོ་འཚོ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཀརྨ་ཚེ་བརྟན་བོད་རང་སྐྱོང་ལྗོངས་མི་མང་སྲིད་གཞུང་གི་འགོ་གཙོའི་ལས་ཚབ་ཏུ་བསྐོ་གཞག་བྱས་ཡོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གིས་བལ་ཡུལ་ལ་ཨ་སྒོར་ས་ཡ་ ༢༠ རོགས་སྐྱོར་བྱ་རྒྱུ་སོགས་དོན་ཚན་དགུ་ཅན་གྱི་གྲོས་མཐུན་ལ་མཚན་རྟགས་བསྐྱོན་ཡོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎