ཨ་རིའི་སྲིད་དོན་ཚོགས་པ་གཉིས་ཀྱི་གྲོས་ཚོགས་འཐུས་མི་ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་ཞིག་བཞུགས་སྒར་དུ་ཕེབས་ཏེ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་གནང་རྒྱུ།
ཨ་མེ་རི་ཀའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་Michael McCaul མཆོག་དང་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་ལྕམ་ནན་སི་པེ་ལོ་སི་མཆོག་བཅས་ཀྱིས་དབུ་འཁྲིད་གནང་བའི་ཨ་རིའི་སྲིད་དོན་ཚོགས་པ་གཉིས་ལས་གྲུབ་པའི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་ཞིག་བཞུགས་སྒར་རྡ་རམ་ས་ལར་རིང་མིན་ཕེབས་ཏེ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་མཇལ་འཕྲད་གནང་གཏན་འཁེལ་འདུག དེ་ཡང་ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གིས་ཁ་ས་ཕྱི་ཚེས་༡༤་ཉིན་གསལ་བསྒྲགས་སྤེལ་གསལ་ལྟར་ན།
ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་དང་སྤྱི་མཐུན་ཚོགས་པའི་འཐུས་མི་Michael McCaul མཆོག་གིས་དབུ་འཁྲིད་གནང་བའི་ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་དེའི་ཁོངས་སུ་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་ལྕམ་ནན་སི་པེ་ལོ་སི་མཆོག་དང་ཨ་རིའི་གྲོས་ཚོགས་འོག་མའི་སྒྲིག་ཁྲིམས་ཚོགས་ཆུང་གི་ཚོགས་གཞོན་Jim McGovern མཆོགགྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ནང་གསེས་རྒྱ་གར་ཞི་བདེ་རྒྱ་མཚོའི་ཚོགས་ཆུང་གིས་ཚོགས་གཞོན་Ami Bera མཆོག གྲོས་ཚོགས་འཐུས་མི་Mariannette Miller-Meeks མཆོག དེ་བཞིན་གྲོས་ཚོགས་འཐུས་མི་Nicole Malliotakis མཆོག་བཅས་བཞུགས་སྒར་རྡ་སར་ཆེད་ཕེབས་གནང་སྟེ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་མཇལ་འཕྲད་གནང་རྒྱུ་མ་ཟད།
རྒྱ་གར་གྱི་རྒྱལ་ས་ལྡི་ལི་སོགས་ཀྱི་ནང་རྒྱ་གར་གྱི་གཞུང་འབྲེལ་དཔོན་རིགས་རྣམས་དང་ཡུལ་དེའི་ནང་ཡོད་པའི་ཨ་རིའི་ཚོང་པ་ཁག་གི་སྐུ་ཚབ་ལྷན་དུ་མཇལ་འཕྲད་གནང་འཆར་འདུག་ཨ་རིའིཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་Michael McCaul མཆོག་གིས་རྒྱ་གར་ནི་འཛམ་གླིང་ནང་གི་མང་གཙོའི་ལམ་ལུགས་ལྡན་པའི་རྒྱལ་ཁབ་ཆེ་ཤོས་ཤིག་ཡིན་དང་ཨ་རིའི་འཐབ་བྱུས་ཕྱག་འབྲེལ་གལ་ཆེ་ཞིག་ཡིན་པས་རྒྱ་གར་དང་ཨ་རིའི་གཉིས་དབར་གྱི་འབྲེལ་ལམ་ཇེ་བཟང་དུ་གཏོང་ཐབས་གནང་རྒྱུ་དང་། དེ་བཞིན་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་འཕྲད་ཞུ་རྒྱུའི་གོ་སྐབས་འཐོབ་རྒྱུ་ཡིན་སྐོར་གསུངས་འདུག ད་དུང་ཁོང་གིས་བོད་མི་རྣམས་ནི་མང་གཙོའི་ལམ་ལུགས་ལ་དགའ་ཞེན་ཆེ་ཞིང་། རང་དབང་ཐོག་ནས་ཆོས་ཉམས་ལེན་བྱ་འདོད་ཅན་ཞིག་རེད་ཅེས་དང་། ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་བཞུགས་སྒར་རྡ་རམ་ས་ལར་ཕེབས་པ་ནི། ཨ་རིའི་སྲིད་དོན་ཚོགས་པ་གཉིས་ཀས་བོད་མིའི་མ་འོངས་མདུན་ལམ་ཐག་གཅོད་བྱ་རྒྱུའི་ཐོབ་ཐང་ལ་རྒྱབ་སྐྱོར་ཡོད་པ་ཤིན་ཏུ་མངོན་པར་གསལ་བར་གྱུར་ངེས་རེད་ཅེས་གསུངས་འདུག
དེ་བཞིན་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་Meeks མཆོག་གིས་ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་ཚོགས་གཙོ་McCaulམཆོག་དང་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་ལྕམ་ནན་སི་པེ་ལོ་སི་མཆོག་རྣམ་གཉིས་ཀྱི་ལྷན་དུ་ཕེབས་ཏེ་ཨ་རི་དང་རྒྱ་གར་གཉིས་དབར་ཀྱི་འབྲེལ་ལམ་ལ་ཨ་རིའི་སྲིད་དོན་ཚོགས་ཐུན་མོང་གི་རྒྱབ་སྐྱོར་ཡོད་པ་སྟོན་རྒྱུ་ཡིན་པ་དང་། འདས་པའི་ལོ་༢༥འི་དུན་ཡུན་ནང་ཨ་རི་དང་རྒྱ་གར་གཉིས་ཀྱི་འབྲེལ་བ་གལ་ཆེར་གྱུར་ཡོད་ཅེས་དང་།༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་མཇལ་འཕྲད་ཞུས་ཏེ་ཨ་མེ་རི་ཁའི་མི་མང་རྣམས་ཀྱིས་བོད་མིའི་རང་སྐྱོང་གི་འཐབ་རྩོད་ལ་ཇི་ལྟར་ཕན་གྲོགས་བྱ་དགོས་པའི་དགོངས་ཚུལ་ཤེས་རྟོགས་བྱ་རྒྱུའི་གོ་སྐབས་བཟང་པོ་འཐོབ་རྒྱུ་ཡིན་པ་སྤྱི་བསྒྲགས་ནང་བཀོད་འདུག
གསར་འགོད་པ། བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་སྤེལ་མཁན། ནོར་སྡེ་སྒྲོལ་མ།