དོལ་རྒྱལ་སྐོར་ལ་ཁ་ཏ་བྱས་བར་ཁྲིམས་ཐག་བཅད་འདུག

2014-12-11
གློག་འཕྲིན།
མཆན།
Share
པར་བཀོད།
ལྕོ་བརྒྱད་ཚང་གི་འཇམ་དབྱངས་ཚེ་རིང་།
ལྕོ་བརྒྱད་ཚང་གི་འཇམ་དབྱངས་ཚེ་རིང་།
Photo: RFA

དོལ་རྒྱལ་བསྟེན་ཕྱོགས་ཐད་ཁ་ཏ་བསླབ་བྱ་བྱེད་མཁན་འཇམ་དབྱངས་ཚེ་རིང་ལ་རྒྱ་གཞུང་གིས་ཁྲིམས་ཐག་བཅད་ཡོད་འདུག
དེ་ཡང་བོད་ནས་ཁུངས་ལྡན་གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། ལོ་ན༧༧སོན་པའི་བོད་ལྗོངས་ཆབ་མདོ་ས་ཁུལ་མཛོ་སྒང་རྫོང་སྟོབས་འབར་གྲོང་ནས་ཡིན་པའི་ལྕོ་བརྒྱད་ཚང་གི་འཇམ་དབྱངས་ཚེ་རིང་ལ་རྒྱ་ནག་གིས་ཏཱ་ལའི་ལོག་སྤྱོད་པའི་རྗེས་འབྲང་དང་། དོལ་རྒྱལ་བསྟེན་རྒྱུ་མེད་པའི་ངན་བསྐུལ་བྱེད་མཁན་ལ་ཉེས་འཛུགས་ཀྱིས་ལོ་གཅིག་དང་ཕྱེད་ཀའི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད།
ཕ་ཡུལ་ཚ་བ་མཛོ་སྒང་ནས་ཡིན་པའི་འཇམ་དབྱངས་ཚེ་རིང་ཐོག་མ་འདི་ལོ་སྤྱི་ཟླ་༦པའི་ཟླ་མཇུག་ཙམ་ལྷ་ས་ནས་འཇུ་བཟུང་གིས་ཁོང་ཆབ་མདོ་ལ་ཁྲིད་ཡོད་པ་དང་། དེའི་རྗེས་མཛོ་ སྒང་རྫོང་དུ་ད་བར་དུ་བཀག་ཉར་ཀྱིས་འདྲི་རྩད་བྱས་འདུག འདི་ལོ་ཕྱི་ཟླ་༡༢པའི་ཚེས་ཤར་ཙམ་ལ་མཛོ་སྒང་རྫོང་དུ་ཁྲིམས་ཐག་བཅད་ནས་མི་རིང་བར་ཁོང་ཉིད་ཆབ་མདོ་རུ་ཁྲིད་འགྲོ་རྒྱུ་ཡིན་པ་བཤད་ཀྱི་འདུག ཁོང་ལ་གྲང་བའི་ནད་གཞི་དང་ཕོ་བའི་ན་ཚ། ཁྲག་ཤེད་མཐོ་བ་སོགས་གཟུགས་གཞིའི་གནས་བབས་ཡག་པོ་མེད་པས། ཁོང་གི་ནང་མི་གཉེན་འབྲེལ་ཚོས་སེམས་ཁྲལ་བྱེད་ཡུལ་ཞིག་ཆགས་ཡོད་འདུག
འཇམ་དབྱངས་ཚེ་རིང་ཁོང་གིས་ངོ་ཤེས་པ་ཚོར་བརྗོད་དོན་ལ། ཁོང་གིས་ལས་ཀ་སྡུག་པ་རྩ་བ་ནས་བྱས་མེད་པས་ད་ལྟའི་བཙོན་འཇུག་གི་གནས་སྟབས་ལ་འགྱོད་པ་རྩ་བ་ནས་མེད། འོན་ཀྱང་ཁོང་གི་བཟའ་ཟླ་དགུང་ལོ་༨༣ཡིན་པ་ཁོང་མོ་ད་ལྟ་ལྷ་སར་ཁེར་རྐྱང་དུ་ལུས་ཡོད་པས། དེའི་སྐོར་སེམས་ཁྲལ་འདུག་ཅེས་བརྗོད་འདུག
ས་གནས་བོད་མི་ཚོས། འཇམ་དབྱངས་ཚེ་རིང་ནི་ནམ་རྒྱུན་དུ་ཆབ་སྲིད་ཀྱི་ཐོག་དོ་སྣང་ཤུགས་ཆེན་དང་། གོ་ རྟོགས་ཆེན་པོ་ཡོད་མཁན་ཞིག་ཡིན་པ་མ་ཟད། བོད་དོན་ཐོག་ལྷག་བསམ་རྣམ་དག་ཅན་ཞིག་ཡིན་པ་བརྗོད་འདུག ལོ་འགའ་ཤས་སྔོན་ཁོང་གིས་ལྷ་སར་རྒྱ་ནག་དུ་སློབ་སྦྱོང་ཆེད་བསྐྱོད་མཁན་བོད་ཕྲུག་གི་འདུ་འཛོམས་ཞིག་གི་ཐོག་འཛེམ་བག་ མེད་པར་ཕྲུ་གུ་དེ་དག་ལ་༧གོང་ས་རྒྱལ་བ་རིན་པ་ཆེ་མཆོག་གི་དགོངས་གཞི་བསྒྲུབ་དགོས་པ་དང་། བོད་མིའི་ལ་རྒྱ་འཛིན་དགོས་པའི་ཁ་ཏ་བསླབ་བྱ་བྱེད་པའི་བརྙན་པར་ཞིག་མཐོང་རྒྱུ་ཡོད་པ་རེད།
དོལ་རྒྱལ་མ་བསྟེན་ཞེས་ཁ་ཏ་བསླབ་བྱ་བྱེད་མཁན་རྒྱ་ནག་གིས་འཇུ་བཟུང་གིས་ཁྲིམས་ཐག་བཅད་པ་འདི་གར་རླུང་འཕྲིན་ཁང་གི་ཤེས་རྟོགས་བྱུང་བ་ཐོག་མ་དེ་རེད་འདུག


གསར་འགོད་པ་རྡོ་རྗེ།

མཆན། (0)
Share
དྲ་གནས་ཆ་ཚང༌།