བོད་རྒྱ་འབྲེལ་མོལ་ཡོང་མིན་གཙོ་བོ་དེ་རྒྱ་ནག་གཞུང་གི་བྱ་སྤྱོད་ལ་རག་ལུས་ཡོད། སྲིད་སྐྱོང་མཆོག་གིས།

2021-09-03
Share
བོད་རྒྱ་འབྲེལ་མོལ་ཡོང་མིན་གཙོ་བོ་དེ་རྒྱ་ནག་གཞུང་གི་བྱ་སྤྱོད་ལ་རག་ལུས་ཡོད། སྲིད་སྐྱོང་མཆོག་གིས། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་སུ་དམིགས་བསལ་བཅར་འདྲིའི་སྐབས། ༩།༣།༢༡
RFA/Dhasa

མ་འོངས་བོད་རྒྱ་འབྲེལ་མོལ་དང་འབྲེལ་གྲ་སྒྲིག་དགོས་བ་ལས་ཁག་ཅིག་གྲ་སྒྲིག་འགོ་བཙུགས་ཟིན་པ་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་སུ་བཅར་འདྲིའི་སྐབས་གསུངས་བྱུང་།
འདི་ཚེས་༣་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ལས་འཁུར་ཞུས་ཏེ་ཉིན་གྲངས་༡༠༠་ཧྲིལ་པོ་འཁོར་གྱི་ཡོད་པར་བརྟེན། འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་སྲིད་སྐྱོང་མཆོག་ལ་འདས་པའི་ཉིན་བརྒྱ་དང་འབྲེལ་གནད་དོན་འདྲ་མིན་ཐད་དམིགས་བསལ་བཅར་འདྲི་ཞུས་བ་དང་། བཅར་འདྲིའི་སྐབས་ད་བར་བོད་རྒྱ་འབྲེལ་མོལ་དང་འབྲེལ་བའི་ལས་དོན་ཐབས་ཤེས་གཙོ་བོ་ག་རེ་གནང་ཡོད་དམ། དེ་བརྒྱུད་བོད་རྒྱ་འབྲེལ་མོལ་ཡོང་བར་རེ་བ་ཡོད་མེད་བཅར་འདྲི་ཞུས་བར། སྲིད་སྐྱོང་མཆོག་གིས། བོད་རྒྱ་འབྲེལ་མོལ་ཡོང་བར་གཙོ་བོ་དེ་རྒྱ་ནག་གཞུང་ལ་རག་ལས་ཡོད་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་བློ་འགྱོད་མེད་པའི་འབད་བརྩོན་བྱེད་རྒྱུ་ཡིན་ལ། ད་ལྟའི་ཆར་བོད་རྒྱ་འབྲེལ་མོལ་དང་འབྲེལ་གྲ་སྒྲིག་དགོས་བ་མང་དག་ཅིག་ཡོད་པ་ལས་ཁག་ཅིག་གྲ་སྒྲིག་འགོ་བཙུགས་ཟིན་པ་གསུངས་བྱུང་།
ཡང་སྲིད་སྐྱོང་མཆོིག་གིས་ད་བར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཁ་ཐེངས་བཞི་ཞུས་པའི་ཁྲོད། གཙོ་བོ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་ལམ་སྟོན་ག་རེ་ཕེབས་ཡོད་དམ་ཞེས་བཀའ་འདྲི་ཞུས་པར། སྲིད་སྐྱོང་མཆོག་གིས། ༧རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་ཁ་ཐེངས་བཞི་པའི་སྐབས་དེར་གཙོ་བོ་རྒྱ་གར་ལ་དྭགས་སུ་ཕྱོགས་བསྐྱོད་ཕྱིན་པའི་གནས་ཚུལ་དང་། བཙན་བྱོལ་བོད་མིའི་གཏན་འཇགས་སློབ་གྲྭ་༦་རྩིས་ལེན་དང་འབྲེལ་བའི་སྐོར་སྙན་སེང་ཞུས་ཡོད་པ་གསུངས་གནང་སོང་།
ད་ལྟའི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་། ཆབ་སྲིད་ཀྱི་རྙོག་དྲ་ཁག་ཅིག་འགྲོ་བསྡད་ཡོད་པའི་ཁྲོད། ད་ལྟའི་སྲིད་སྐྱོང་གིས་རྒྱལ་བ་རིན་པོ་ཆེ་དབུ་བཞུགས་ཀྱི་ཐོག་ནས་དམ་འབུལ་ཞུས་པ་དེ་ཁྲིམས་མཐུན་ཡིན་མིན་སྐོར་གླེང་སློང་བྱེད་མཁན་མི་རེ་ཟུང་ཡོང་གི་འདུག དེའི་རྐྱེན་པས་བོད་མིའི་སྤྱི་ཚོགས་ཁྲོད་༧གོང་ས་མཆོག་ལ་བརྩི་འཇོག་གི་ཚད་གཞི་དམའ་རུ་འགྲོ་བ་ཞིག་མཚོན་གྱི་ཡོད་དམ། སྲིད་སྐྱོང་སྐུ་སྒེར་ངོས་ནས་དེའི་ཐོག་དགོངས་ཚུལ་ག་རེ་ཡོད་དམ་ཞེས་བཀའ་འདྲི་ཞུས་པར། སྤྱིར་གཏང་བོད་པའི་སྤྱི་ཚོགས་ནང་༧རྒྱལ་བ་རིན་པོ་ཆེ་ལ་དད་གུས་དང་དམ་ཚིག་སོགས་བརྟན་པོ་ཞེ་དྲགས་རེད། ད་བར་ང་ཚོའི་སྤྱི་ཚོགས་ཡག་པོར་གནས་ཡོད་པ་དང་། བཀའ་ཤག་དང་། ཆེས་མཐོའི་ཁྲིམས་ཞིབ་ཁང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་སོགས་བཙུགས་ཡོད་པ། གཞིས་ཆགས། དགོན་སྡེ་བཅས་ཚང་མ་༧གོང་ས་མཆོག་གི་ཐུགས་རྗེ་བཀའ་དྲིན་ཉག་ཅིག་ལ་བརྟེན་ནས་བྱུང་བ་རེད། དེ་འདྲའི་བཀའ་དྲིན་ཅན་ཞིག་ལ་ཟུར་ཟ་དང་། མཚན་དམོད་ཞུ་མཁན་མི་དེའི་ཀླད་པ་ཁོག་སྟོང་ཡིན་པ་གསལ་སྟོན་བྱེད་ཀྱི་ཡོད་པ་རེད་ཅེས་ལན་འདེབས་གནང་སོང་།
རྒྱུན་དུ་བོད་མིའི་སྒྲིག་འཛུགས་ཀྱི་སྔོན་རྩིས་བཀའ་ཁྲོལ་དེ་གྲོས་ཚོགས་ནང་ཞུ་དགོས་པ་རེད། འོན་ཀྱང་ད་ལྟ་གྲོས་ཚོགས་མེད་པའི་གནས་སྟངས་འོག་ནས་སྔོན་རྩིས་བཀའ་འཁྲོལ་དེ་ངེས་པར་དུ་གྲོས་ཚོགས་སུ་ཞུ་དགོས་ཀྱི་ཡོད་པ་ཞིག་ལ་གཟིགས་ཀྱི་ཡོད་དམ་ཞེས་དྲིས་པར། གྲོས་ཚོགས་ཚོགས་མ་ཐུབ་པ་ཡིན་ན། སྔོན་རྩིས་སྟངས་འཛིན་གྱི་སྒྲིག་གཞི་ལྟར་གཞན་བཀའ་ཁྲོལ་ཞུ་ས་ཞིག་མེད་པ་རེད། གྲོས་ཚོགས་མེད་པར་འདི་ལྟར་མུ་མཐུད་དུ་གནས་པ་ཡིན་ན། མ་འོངས་པར་བོད་མིའི་སྒྲིག་འཛུགས་སྦོག་ལུག་རྒྱུའི་ཉེན་ཁ་ཡོད་པ་གསུངས་གནང་སོང་།
གཞན་ཡང་ད་རེས་མང་གཙོའི་དུས་ཆེན་གྱི་གསུང་བཤད་ནང་། བཀའ་ཤག་གི་ངོས་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དགོངས་དོན་དང་མཐུན་པའི་ཐབས་ཚུལ་གང་ལའང་མཐུན་འགྱུར་རྒྱབ་སྐྱོར་ཞུ་ངེས་ཡིན་པ་བརྗོད་འདུག འོན་ཀྱང་། ད་ཆ་སྤྱི་འཐུས་ཕྱོགས་གཉིས་ཀ་ཕན་ཚུན་བར་བཅའ་ཁྲིམས་དང་མཐུན་མིན་གྱི་རྩོད་གཞི་ཡོང་གི་ཡོད་པས། བཀའ་ཤག་གི་ངོས་ནས་རྩོད་རྙོག་འདི་སེལ་བར་བཅའ་ཁྲིམས་ཀྱི་དགོངས་དོན་དང་མཐུན་པའི་ཐབས་ཚུལ་ཟེར་བ་དེ་ཅི་འདྲ་ཞིག་ལ་གོ་དགོས་སམ་ཞེས་དྲིས་པར། སྲིད་སྐྱོང་མཆོག་གིས་ད་ལྟའི་སྤྱི་འཐུས་ཀྱི་དཀའ་རྙོག་དེ་སེལ་བར་དང་ཐོག་སྐབས་༡༧་པའི་སྤྱི་འཐུས་སོ་སོ་བཅའ་ཁྲིམས་ཀྱི་དགོངས་དོན་བཞིན་ཡར་ཕེབས་ཏེ་མཉམ་ཞུགས་བྱས་པ་ཡིན་ན་ང་ཚོའི་བར་བཀའ་མོལ་གནང་སའི་སྡིངས་ཆ་ཞིག་ཡོང་གི་རེད། འོན་ཀྱང་། ད་ལྟའི་ཆར་སྐད་ཆ་བཤད་སའི་སྡིངས་ཆ་ཡོད་པ་མ་རེད། དེར་བརྟེན། ཁྲིམས་དང་མ་མཐུན་པའི་གནད་དོན་ཞིག་གི་ཐོག་ལ་བཀའ་ཤག་གི་མཐུན་རྐྱེན་སྦྱོར་ཐབས་བྲལ་ཡོད་ཅེས་ལན་འདེབས་གནང་སོང་།

གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། ཨྱོན་བསྟན་འཛིན།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།