སྲིད་སྐྱོང་མཆོག་གིས་རྡ་རམ་སཱ་ལའི་ཉེ་འཁོར་གྱི་བོད་མི་གནས་ཡུལ་ཁག་ལ་གཟིགས་སྐོར་གནང་བཞིན་འདུག

དེ་ཡང་ཟླ་འདིའི་ཚེས་༤ཉིན་ནས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་བཞུགས་སྒར་རྡ་རམ་ས་ལའི་ཉེ་འཁྲིས་སུ་ཡོད་པའི་སློབ་གྲྭ་དང་། དགོན་སྡེ་ཁག་བཅས་བོད་མི་གནས་ཡུལ་ཁག་ལ་གཟིགས་སྐོར་གནང་མུས་ཡིན་པ་དང་། འདི་ཚེས་༦ཉིན་སྲིད་སྐྱོང་མཆོག་གིས་གོ་པལ་པུར་བོད་ཁྱིམ་སློབ་གྲྭར་འཚམས་གཟིགས་དང་འབྲེལ། སློབ་གྲྭའི་དགེ་ལས་སློབ་ཕྲུག་རྣམས་ལ་བོད་དོན་འཐབ་རྩོད་དང་། བོད་ཀྱི་ལོ་རྒྱུས་འཕེལ་རིམ་སྐོར་གསུང་བཤད་གནང་འདུག་ལ། སྐབས་དེར་སྲིད་སྐྱོང་མཆོག་གིས་གཙོ་བོ་བཙན་བྱོལ་ནང་གི་བོད་རིགས་གཞོན་སྐྱེས་ཚོས་བོད་ཀྱི་གནས་སྟངས་དངོས་ལ་རྒྱུས་མངའ་ཡོད་པའི་ཐོག་ནས་བོད་ཀྱི་མགྲིན་ཚབ་བྱས་ཏེ། རྒྱལ་སྤྱིའི་ཐོག་བོད་ནང་གི་བོད་མིའི་གནས་སྟངས་གླེང་སློང་བྱེད་ཐུབ་པ་དགོས་པའི་ལམ་སྟོན་བཀའ་སློབ་གནང་ཡོད་པ་སྲིད་སྐྱོང་མཉམ་ལྷན་བཅར་ཞུ་མཁན་རྡ་རམ་ས་ལའི་ས་གནས་བདེ་དོན་དཀོན་མཆོག་མིག་དམར་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྡ་རམ་ས་ལའི་ཉེ་འཁོར་དུ་གཟིགས་སྐོར་གནང་བཞིན་པ་དེ་ཕྱི་ཚེས་༤རེས་གཟའ་ཟླ་བ་ནས་དབུ་འཛུགས་གནང་ཡོད་པ་དང་། རེས་གཟའ་ཟླ་བའི་ཉིན་རྡ་སྟེང་བོད་ཁྱིམ་སློབ་གྲྭར་གཟིགས་སྐོར་གནང་སྐབས། དགེ་རྒན་དང་སློབ་ཕྲུག་རྣམས་ལ་བཀའ་སློབ་གནང་བའི་ནང་། ས་ཁམས་དང་ཆབ་སྲིད་ཐད་བོད་ཀྱི་གལ་གནད་དང་། བོད་ཀྱི་ཆོས་དང་རིག་གཞུང་གི་གལ་གནད། བོད་ཀྱི་ཁོར་ཡུག་གི་གལ་གནད་སྐོར་སོགས་གསུངས་པ་མ་ཟད། རྒྱ་ནག་གཞུང་གིས་ལོ་རྒྱུས་ལ་འཁྱོག་བཤད་ལོག་འགྲེལ་ཇི་ཙམ་བྱས་ཀྱང་དོན་དངོས་ལོ་རྒྱུས་ཐོག་ནས་བོད་དེ་རང་བཙན་ཡོད་པའི་རྒྱལ་ཁབ་ཅིག་ཡིན་པ་ལོ་རྒྱུས་འཕེལ་རིམ་ཐོག་ནས་གསལ་པོ་ཡིན་སྐོར་ངོ་སྤྲོད་གནང་ཐོག སྲིད་སྐྱོང་མཆོག་གིས། བོད་ཀྱི་ལོ་རྒྱུས་ཀྱི་འཕེལ་རིམ་དང་། བོད་དང་རྒྱ་ནག་བར་གྱི་འབྲེལ་བ། བོད་དང་སོག་པོ་བར་གྱི་འབྲེལ་བ། བོད་དང་རྒྱ་གར་བར་གྱི་འབྲེལ་བའི་སྐོར་བཅས་གསལ་བཤད་གནང་སྟེ་ལོ་རྒྱུས་ཐོག་བོད་དང་རྒྱ་ནག་ཐ་དད་ཡིན་པ་འགྲེལ་བརྗོད་གནང་ཡོད་འདུག
འདས་པའི་ཉིན་གསུམ་ནང་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་རྡ་ས་གངས་སྐྱིད་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ་དང་། དྷ་ཤོད་བོད་ཁྱིམ་གྲྭ། ཤེས་རབ་དགའ་ཚལ་གླིང་། སྒྲོལ་མ་གླིང་། འཚི་མེད་དགའ་ཚལ་གླིང་། ཇོ་ནང་དགོན་པ། ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་། སྙིང་སྟོབས་གླིང་། བོད་ཀྱི་ཟློས་གར་ཚོགས་པ། བྱམས་པ་གླིང་རྒས་གསོ་ཁང་། གཏོང་ལེན་སློབ་གྲྭ བཙུན་དགོན་དགེ་ལྡན་ཆོས་གླིང་བཅས་སུ་འཚམས་གཟིགས་དང་བཅས་གསུང་བཤད་གནང་འདུག་ལ། སྐབས་དེར་ཚང་མས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད་པ་ས་གནས་བདེ་དོན་དཀོན་མཆོག་མིག་དམར་ལགས་ཀྱིས་མུ་མཐུད་དུ་གསུངས་བྱུང་།
སྲིད་སྐྱོང་མཆོག་གིས་མུ་མཐུད་དུ་འདི་ཚེས་༧ཉིན་བར་བཞུགས་སྒར་རྡ་རམ་ས་ལའི་བདེ་དོན་ལས་ཁུངས་ཀྱི་ཁྱབ་ཁོངས་སུ་ཡོད་པའི་ཉེ་འཁོར་སློབ་གྲྭ་ཁག་དང་། དགོན་པ་གྲྭ་ཚང་། མི་མང་གནས་སྡོད་བྱེད་ཡུལ་བཅས་ལ་གཟིགས་སྐོར་དང་བཀའ་སློབ་གསུང་བཤད་གནང་རྒྱུ་ཡིན་པ་རེད་འདུག་ལ། འདི་ནི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་སྲིད་སྐྱོང་གི་ཐུགས་འགན་བཞེས་པའི་རྗེས་རྡ་རམ་ས་ལའི་ཉེ་འཁོར་གྱི་བོད་མི་གནས་ཡུལ་ཁག་ལ་གཟིགས་སྐོར་ཕེབས་པ་ཐོག་མ་དེ་ཡིན་འདུག
གསར་འགོད་པ། ཚེ་དབང་དངོས་གྲུབ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།