སྲིད་སྐྱོང་མཆོག་གིས་ཨ་རིའི་ཕྱི་སྲིད་ལས་ཁུངས་སུ་ཨ་རིའི་བོད་དོན་ཆེད་དམིགས་བསལ་འབྲེལ་མཐུད་པ་དང་མཇལ་མོལ་གནང་འདུག

2023.10.17
སྲིད་སྐྱོང་མཆོག་གིས་ཨ་རིའི་ཕྱི་སྲིད་ལས་ཁུངས་སུ་ཨ་རིའི་བོད་དོན་ཆེད་དམིགས་བསལ་འབྲེལ་མཐུད་པ་དང་མཇལ་མོལ་གནང་འདུག སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཨ་རིའི་ཕྱི་སྲིད་ལས་ཁུངས་སུ་ཕེབས་ནས་ཨ་རིའི་བོད་དོན་ཆེད་དམིགས་བསལ་འབྲེལ་མཐུད་པ་དང་མཇལ་མོལ་རྗེས། ༡༠།༡༧།༢༠༢༣
CTA

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཨ་མི་རི་ཀའི་ནང་གཞུང་དོན་འཚམས་གཟིགས་གནང་བཞིན་པ་ལྟར། ཕྱི་ཟླ་༡༠བའི་ཚེས་༡༧ཉིན་ཨ་རིའི་ཕྱི་སྲིད་ལས་ཁུངས་སུ་ཨ་རིའི་བོད་དོན་ཆེད་དམིགས་བསལ་འབྲེལ་མཐུད་པ་ལྕམ་(Uzra Zeya)་ལགས་དང་མཇལ་མོལ་གནང་འདུག་ཅིང་། སྐབས་དེར་བྱང་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་ལགས་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་ཧོ་ལི་ཝུཌ་གློག་བརྙན་འཁྲབ་སྟོན་པ་དང་བོད་དོན་རྒྱབ་སྐྱོར་བ་(Richard Gere)་ལགས། གཙོ་འཛིན་བསྟན་ཆོས་རྒྱ་མཚོ་ལགས་སོགས་ལྷན་བཅར་གནང་ཡོད་པ་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་གི་འབྲེལ་ཡོད་ལས་བྱེད་པས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་བྱུང་།
སྲིད་སྐྱོང་མཆོག་ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན་དུ་ཕྱི་ཚེས་༡༦ཉིན་ཕེབས་འབྱོར་བྱུང་ཞིང་། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་དུ་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་དང་ལས་བྱེད་སོགས་མི་སྣ་ཁག་ཅིག་ཆེད་ཕེབས་གནང་བ་དང་མཉམ་དུ་དགའ་བསུའི་གསོལ་སྟོན་དང་མཇལ་མོལ་གནང་ཡོད་འདུག

Sikyong penpa tsering in DC (1).JPG
སྲིད་སྐྱོང་མཆོག་གིས་ཕྱི་ཚེས་༡༧དང་༡༨ཉིན་གཉིས་ཀྱི་རིང་ཨ་རིའི་རྒྱལ་སར། ཨ་རིའི་གྲོས་ཚོགས་གོང་འོག་གི་འཐུས་མི་ཁག་ཅིག་དང་། ཕྱི་སྲིད་ལས་ཁུངས། དེ་བཞིན་ཕོ་བྲང་དཀར་པོ་བཅས་ཀྱི་འབྲེལ་ཡོད་མི་སྣ་དང་མཇལ་འཕྲད་གནང་རྒྱུ་དང་། དེ་བཞིན་གསར་འགྱུར་བརྒྱུད་ལམ་ཁག་དང་། གཙུག་ལག་སློབ་ཆེན་བཅས་སུ་གསུང་བཤད་གནང་རྒྱུའི་མཛད་རིམ་འདུག་ལ། ཚེས་༡༧གཟའ་མིག་དམར་ཉིན་གྱི་ཕྱི་དྲོ་ཨ་རིའི་གྲོས་ཚོགས་ཀྱི་(Rayburn House office Building)་ཀྱི་ཚོགས་ཁང་ཞིག་གི་ནང་སྲིད་སྐྱོང་མཆོག་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་(Richard Gere)་རྣམ་པ་དབུ་བཞུགས་ཀྱིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཨ་རིའི་གྲོས་ཚོགས་ཀྱིས་གསེར་གྱི་གཟེངས་རྟགས་ཕུལ་ནས་ལོ་ངོ་༡༦འཁོར་བའི་དུས་དྲན་མཛད་སྒོ་འཚོགས་རྒྱུ་ཡིན་འདུག་ཅིང་། སྐབས་དེར་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་ལྕམ་ནེན་སི་པེ་ལོ་སི་ཡང་ཕེབས་འཆར་འདུག
ཚེས་༡༨ཉིན་སྲིད་སྐྱོང་མཆོག་གིས་ཨ་རིའི་རྒྱལ་སར་ཨ་རིའི་རྒྱལ་ཡོངས་གསར་འགོད་ལྷན་ཚོགས་སམ་(National Press Club)་སུ་བོད་དོན་གཏམ་བཤད་གནང་གཏན་འཁེལ་ཡོད་པ་དང་། སྤྱི་ཚེས་༡༩ཉིན་རྒྱལ་ས་ཝ་ཤིང་ཊོན་དང་ཉེ་འདབས་ཝིར་ཇི་ནི་ཡ་མངའ་སྡེའི་ནང་ཆགས་པའི་(George Mason)་གཙུག་ལག་སློབ་གྲྭ་ཆེན་མོ་རུ་བོད་དོན་གཏམ་བཤད་གནང་རྒྱུ་ཡིན་འདུག་ཅིང་། སྤྱི་ཚེས་༢༠ཉིན་གྲོང་ཁྱེར་ནིའུ་ཡོག་ཏུ་ཕེབས་ཐོན་གནང་རྒྱུ་དང་། སྲིད་སྐྱོང་མཆོག་ནིའུ་ཡོཀ་དང་ནིའུ་ཇེར་སི་བོད་རིགས་སྤྱི་མཐུན་ཚོགས་པས་གོ་སྒྲིག་ཞུས་པའི་དཔལ་འབྱོར་འདུ་འགོད་ཀྱི་གསོལ་སྟོན་ཞིག་གི་ཐོག་དབུ་བཞུགས་གནང་རྒྱུ་ཡིན་འདུག
དེའི་སྔོན་ཕྱི་ཚེས་༡༥ཉིན་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་(Charlosville)་གྲོང་ཁྱེར་ནང་ཐེངས་དང་པོར་ཆེད་ཕེབས་གནང་སྟེ། ས་གནས་ཀྱི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་མི་རྣམས་དང་ས་གནས་ལ་ཡོད་པའི་(University of Virginia)་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་སློབ་གཉེར་གནང་བཞིན་པའི་སློབ་ཕྲུག་གཙོས་པའི་བོད་པའི་གཞོན་སྐྱེས་ཁག་ལ་བཀའ་སློབ་གསུང་བཤད་གནང་བ་དང་། དེ་བཞིན་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་མི་རྣམས་མཇལ་འཕྲད་ཀྱིས་བཀའ་སློབ་གསུངས་བཤད་གནང་ཡོད་པ་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་གི་བོད་རིགས་འབྲེལ་མཐུད་པ་ཀུན་དགའ་བཀྲིས་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་བྱུང་།


གསར་འགོད་པ། སེང་གེ་རི་བསོད་ནསམ་ལྷ་མོ། ཀླུ་འབུམ།
རྩོམ་སྒྲིག་པ། ཆོས་སྐྱིད།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་རྒྱའི་རྩོད་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་འཆར་ལ་སྤྱི་མོས་རྒྱབ་སྐྱོར་ཐོབ་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུན་རིང་སྒོ་རྒྱབ་པའི་བོད་དང་བལ་ཡུལ་ཀྱི་ས་མཚམས་འགག་སྒོ་བཅུ་བཞི་སྒོ་ཕྱེ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎