སྲིད་སྐྱོང་མཆོག་དབུ་བཞུགས་ཐོག་ཨ་རིའི་གྲོས་ཚོགས་ནང་༧གོང་ས་མཆོག་ལ་ཨ་རིའི་གྲོས་ཚོགས་ཀྱི་གསེར་གྱི་གཟེངས་རྟགས་འབུལ་བཞེས་མཛད་པའི་དུས་ཆེན་སྲུང་བརྩི་གནང་འདུག
དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་དེང་སྐབས་ཨ་མི་རི་ཀའི་ནང་གཞུང་དོན་འཚམས་གཟིགས་གནང་བཞིན་པ་ལྟར། ཚེས་༡༧ཉིན་ཨ་རིའི་གྲོས་ཚོགས་ཀྱི་རེ་བྷོན་ལས་ཁུངས་ཁང་བརྩེགསཀྱི་ཚོགས་ཁང་ཞིག་ཏུ་དེ་སྔ་ཨ་རིའི་གྲོས་ཚོགས་ཀྱིས་བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་ལ་གསེར་གྱི་གཟེངས་རྟགས་ཕུལ་ནས་ད་བར་ལོ་ངོ་༡༦འཁོར་བའི་དུས་ཆེན་མཛད་སྒོ་སྲུང་བརྩི་གནང་ཡོད་པ་དང་། སྐབས་དེར་སྲིད་སྐྱོང་མཆོག་དབུ་བཞུགས་ཐོག་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་(Richard Gere)དང་། ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་བ་ལྕམ་(Nancy Pelosi)་མཆོག་ཀྱང་མཉམ་ཞུགས་གནང་བ་དང་མཉམ་གསུངས་བཤད་གནང་སྐབས། ཨ་མི་རི་ཀའི་ཆབ་སྲིད་ཚོགས་པ་གཉིས་ཐུན་མོང་གིས་བོད་དོན་ལ་རྒྱབ་སྐྱོར་གནང་གི་ཡོད་པ་དེ་ནི། གཙོ་ཆེ་༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་སྐུ་ལས་བསྐྱོན་གནང་བའི་མཛད་རྗེས་ལས་བྱུང་བ་ཡིན་པ་དང་། དེ་ཡང་ཆབ་སྲིད་ཚོགས་པ་གཉིས་ཀྱི་ཁ་ཕྱོགས་གཅིག་ལ་ཁྲིད་ཐུབ་པ་ལ་བརྟེན་ནས་བྱུང་བ་ཞིག་རེད་ལ། ༧གོང་ས་ཏཱ་ལའི་བླ་མ་མཆོག་མ་འོངས་དགུང་གྲངས་༩༠་ཕེབས་པའི་སྐུ་ཡི་འཁྲུངས་སྐར་སྲུང་བརྩི་གཟབ་རྒྱས་ངང་ཞུ་ཐུབ་པའི་རེ་བ་གནང་གི་ཡོད་ཅེས་གསུངས་ཡོད་པ་རེད། སྐབས་དེར་ཨ་རིའི་གྲོས་ཚོགས་འཐུས་མི་གཞན་ཁག་ཅིག་ཀྱང་མཉམ་ཞུགས་གིས་གཏམ་བཤད་གནང་ཡོད་པ་རེད།
དེའི་ཐད་སྲིད་སྐྱོང་མཆོག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུང་རྒྱུར། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་གྲངས་༩༠་ཕེབས་པའི་སྐབས་དེར་ལོ་ཧྲིལ་བོ་ཞིག་རྒྱལ་སྤྱིའི་འཚེ་བ་མེད་པའི་ལོ་ཞིག་སྲུང་བརྩི་ཞུ་རྒྱུ་ཡིན་ན། ལྕམ་ནེན་སི་པེ་ལོ་སི་ལགས་ཀྱིས་བོད་ལ་རྒྱབ་སྐྱོར་ཙམ་མིན་པར་ཤ་ཚ་ཧ་ལས་པ་ཞིག་ཡོད་པའི་ཆ་ནས་བཞུགས་སྒར་རྡ་རམ་ས་ལར་ཕེབས་ཐུབ་ནས་༧གོང་ས་མཆོག་དང་ཡང་བསྐྱར་ཞལ་མཇལ་གནང་ཐུབ་ན་བསམ་ནས་དེའི་སྐོར་ལ་སྐད་ཆ་བྱུང་ཡོད་ཅེས་དང་། དེ་མིན་ཨ་རིའི་གྲོས་ཚོགས་འཐུས་མི་ཁག་ཅིག་དང་མཇལ་མོལ་གནང་ནས་བོད་དོན་དཀའ་རྙོག་སེལ་རྒྱུར་བོད་རྒྱ་གྲོས་མོལ་ལ་སྐུལ་དེད་གཏོང་བའི་ཁྲིམས་འཆར་ལ་རྒྱབ་སྐྱོར་ཡོང་བའི་ཞུ་སྐུལ་ཞུས་ཡོད་པ་གསུངས་བྱུང་།
གཞན་ཉིན་དེར་ཨ་མི་རི་ཀའི་གྲོས་ཚོགས་གོང་མའི་འཐུས་མི་(Sen.Mitt Romney)་ལགས་དང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་ཨ་རིའི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་དང་། བོད་དོན་རྒྱབ་སྐྱོར་བ་(Richard Gare)་བཅས་དང་མཇལ་འཕྲད་གནང་ནས་བོད་ནང་གི་བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་གནས་བབ་ཐོག་རྒྱབ་སྐྱོར་གནང་ཕྱོགས་ཐད་གྲོས་མོལ་གནང་ཡོད་པ་དང་། ཨ་རིའི་(Utah)་མངའ་སྡེ་ནས་ཡིན་པའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་(Mitt Romney)་ལགས་ཀྱིས། རྒྱ་ནག་དམར་ཤོག་གིས་བོད་ནང་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་གཏོང་བཞིན་པ་ཙམ་མ་ཟད། བོད་མིའི་རིག་གཞུང་རྩ་མེད་ཐབས་བྱེད་བཞིན་པ་སྐྱོན་བརྗོད་གནང་འདུག
ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་(Mitt Ramney)་ལགས་ནི། དེ་སྔ་༢༠༢༡ལོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མ་འོངས་བའི་སྐུའི་ཡང་སྲིད་ངོས་འཛིན་ཞུ་རྒྱུའི་བདག་དབང་རྒྱ་ནག་ལ་མེད་པ་དང་། བོད་མིར་ཆོས་དད་རང་དབང་དགོས་པའི་ཁྲིམས་འཆར་ལ་རྒྱབ་སྐྱོར་གནང་མཁན་ཀྱི་གྲོས་ཚོགས་ཀྱི་འཐུས་མི་ཞིག་རེད། གཞན་སྲིད་སྐྱོང་མཆོག་ཨ་རིའི་གྲོས་ཚོགས་གོང་འོག་གི་འཐུས་མི་ཁག་ཅིག་དང་རེ་རེ་བཞིན་མཇལ་འཕྲད་གནང་ནས་གྲོས་ཚོགས་ནང་བོད་དོན་དཀའ་རྙོག་སེལ་རྒྱུར་བོད་རྒྱ་གྲོས་མོལ་ལ་སྐུལ་འདེད་གཏོང་བའི་ཁྲིམས་འཆར་ལ་རྒྱབ་སྐྱོར་ཡོང་བའི་ཞུ་སྐུལ་གནང་ཡོད་པ་རེད།
ད་དུང་ཚེས་༡༧ཉིན་གྱི་ཞོགས་པར་སྲིད་སྐྱོང་མཆོག་ཨ་རིའི་ཕྱི་སྲིད་ལས་ཁུངས་སུ་བཅར་ནས་ཨ་རིའི་བོད་དོན་ཆེད་དམིགས་བསལ་འབྲེལ་མཐུད་པ་ལྕམ་(Uzra Zeya)་ལགས་དང་མཇལ་མོལ་གནང་འདུག་ཅིང་། སྐབས་དེར་བྱང་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་ལགས་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་ཧོ་ལི་ཝུཌ་གློག་བརྙན་འཁྲབ་སྟོན་པ་དང་བོད་དོན་རྒྱབ་སྐྱོར་བ་(Richard Gere)་ལགས། གཙོ་འཛིན་བསྟན་ཆོས་རྒྱ་མཚོ་ལགས་སོགས་ལྷན་བཅར་གནང་ཡོད་པརེད།
ཚེས་༡༨ཉིན་རྒྱབ་སྲིད་སྐྱོང་མཆོག་གིས་ཨ་རིའི་རྒྱལ་སར་ཨ་རིའི་རྒྱལ་ཡོངས་གསར་འགོད་ལྷན་ཚོགས་(National Press Club)་སུ་བོད་དོན་གཏམ་བཤད་དང་དྲི་བ་ཁག་ལ་ལན་འདེབས་གནང་ཡོད་པ་དང་། སྤྱི་ཚེས་༡༩ཉིན་རྒྱལ་ས་ཝ་ཤིང་ཊོན་དང་ཉེ་འདབས་ཝིར་ཇི་ནི་ཡ་མངའ་སྡེའི་ནང་ཆགས་པའི་(George Mason)་གཙུག་ལག་སློབ་གྲྭ་ཆེན་མོ་རུ་བོད་དོན་གཏམ་བཤད་གནང་རྒྱུ་ཡིན་འདུག་ཅིང་། སྤྱི་ཚེས་༢༠ཉིན་གྲོང་ཁྱེར་ནིའུ་ཡོག་ཏུ་ཕེབས་ཐོན་གནང་རྒྱུ་དང་། སྲིད་སྐྱོང་མཆོག་ནིའུ་ཡོཀ་དང་ནིའུ་ཇེར་སི་བོད་རིགས་སྤྱི་མཐུན་ཚོགས་པས་གོ་སྒྲིག་ཞུས་པའི་དཔལ་འབྱོར་འདུ་འགོད་ཀྱི་གསོལ་སྟོན་ཞིག་གི་ཐོག་དབུ་བཞུགས་གནང་རྒྱུ་ཡིན་འདུག
གསར་འགོད་པ། བསྟན་འཛིན་བདེ་སྐྱིད། བོད་རྒྱལ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།