སྲིད་སྐྱོང་མཆོག་གིས་ཁེ་ཎ་ཌའི་ནང་ཆོས་ཚོགས་ཁག་གི་དབུ་འཛིན་དང་གཞོན་སྐྱེས་ཁག་བཅས་དང་མཇལ་འཕྲད་གནང་འདུག

2024.04.08
སྲིད་སྐྱོང་མཆོག་གིས་ཁེ་ཎ་ཌའི་ནང་ཆོས་ཚོགས་ཁག་གི་དབུ་འཛིན་དང་གཞོན་སྐྱེས་ཁག་བཅས་དང་མཇལ་འཕྲད་གནང་འདུག སྲིད་སྐྱོང་མཆོག་གིས་ཁེ་ཎ་ཌའི་ནང་ཆོས་ཚོགས་ཁག་གི་དབུ་འཛིན་དང་སྐུ་ཚབ་ཚོར་མཇལ་མོལ་སྐབས། ༠༤།༠༧།༢༠༢༤
ཨྱོན། /RFA

དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་ཁེ་ཎ་ཌའི་ནང་གཞུང་འབྲེལ་འཚམས་གཟིགས་གནང་བཞིན་པ་ལྟར། འདི་ཚེས་༧ཉིན་ཁེ་ཎ་ཌའི་ནང་ཡོད་པའི་ཆོས་ཚོགས་ཁག་གི་དབུ་འཛིན་དང་འབྲེལ་ཡོད་སྐུ་ཚབ་རྣམས་དང་གངས་ལྗོངས་ཆོས་ལྡན་གླིང་དུ་མཇལ་མོལ་སྐབས་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས། རྒྱལ་སྤྱིའི་ནང་ཡོད་པའི་ནང་པའི་ཆོས་ཚོགས་ཁག་གིས་ཅིག་གྱུར་གྱིས་མ་འོངས་དགའ་ལྡན་ཕོ་བྲང་རྒྱུན་གནས་དགོས་པ་དང་ཆབས་གཅིག་མ་འོངས་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་ཐོག་༧གོང་ས་མཆོག་སྐུ་སྒེར་ལ་སྐུ་དབང་ཡོད་པ་ལས་གཞན་སུ་གང་ལ་ཐེ་ཇུས་བྱེད་དབང་མེད་པ་སོ་སོའོ་ལས་ཤོག་ཐོག་ཅིག་གྱུར་གྱི་གྲོས་ཆོད་ཞིག་འཇོག་ཐུབ་པ་བྱུང་ན། མ་འོངས་པར་རྒྱ་ནག་གཞུང་གི་ཐེ་གཏོགས་བྱ་སྤྱོད་སྔོན་འགོག་བྱེད་རྒྱུ་སོགས་ཕན་ཐོགས་ཡོད་པ་དང་། རྒྱ་ཆེ་ས་ནས་ལེགས་སྦྱར་དང་པ་ལི་གྱི་ནང་པའི་གཞུང་ལུགས་དང་། རྒྱ་ཆུང་ས་ནས་རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་དང་། ༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་ཐོག་ལ་ཤུགས་རྐྱེན་སྤྲོད་སྲིད་པ་ཡིན་དུས། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་གཞིས་ཆགས་ཁག་དང་དགོན་སྡེ་ཁག་སོ་སོར་གོང་བརྗོད་གནད་དོན་གཉིས་ཀྱི་ཐོག་གྲོས་ཆོད་ཞིག་འཇོག་ཐུབ་པ་བྱུང་ན་མ་འོངས་པར་ཚང་མ་ཕྱོགས་བསྒྲིགས་བྱས་ནས་རྒྱལ་སྤྱིའི་ནང་འགྲེམས་སྤེལ་གནང་རྒྱུའི་ལས་འཆར་ཡོད་སྐོར་ངོ་སྤྲོད་གནང་སོང་།
ད་དུང་སྲིད་སྐྱོང་མཆོག་གིས་འཛམ་གླིང་གི་ཡུལ་གྲུ་ཁག་ཅིག་གི་ནང་པའི་ཆོས་ཚོགས་ཁག་ནས་གཅིག་མཚུངས་ཀྱི་རྒྱབ་སྐྱོར་ཐོག་གྲོས་ཆོད་འཇོག་ཐུབ་རྒྱུར་རེ་བ་ཞུས་བ་བཞིན། ཉི་ཧོང་གི་ནང་པའི་ཆོས་ཚོགས་དང་། རྒྱ་གར་གྱི་ནང་པའི་ཆོས་ཚོགས་གཉིས་ཀྱིས་ཡོངས་གྲགས་ཐོག་ནས་གྲོས་ཆོས་བཞག་ཟིན་པ་དང་། དེ་མིན་དབྱིན་ཡུལ་དང་། ཧོ་ལེན་ཌི། སྦེལ་ཇམ། ཨི་ཏྲ་ལི་བཅས་ཀྱི་ནང་པའི་ཆོས་ཚོགས་ཁག་ལ་དེ་འབྲེལ་མཇལ་མོལ་ཞུས་ཡོད་པས། མ་འོངས་པར་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ནང་གི་ནང་པའི་ཆོས་ཚོགས་ཁག་ལ་ཤུགས་རྐྱེན་སྤྲོད་རྒྱུ་སྔོན་འགོག་ཆེད་གྲོས་ཆོས་དེ་བཞིན་གལ་ཆེན་པོ་ཆགས་ཡོད་པ་སོགས་གསུང་སོང་།
མཐའ་དོན་ཡོང་རྒྱུའི་རྒྱལ་བའི་འཁྲུངས་ལྷ་དབྱར་གསོལ་སྐབས་འཛིན་སྐྱོང་ནས་གསལ་བསྒྲགས་ཞིག་སྤེལ་འཆར་ཡོད་པའི་གནས་སྟངས་དང་། དེ་བཞིན་རྒྱལ་བའི་གོ་སྟོན་དང་འབྲེལ་རྒྱལ་སྤྱིའི་རང་བཞིན་ལྡན་པའི་དུས་སྟོན་སྲུང་བརྩི་ཞུ་རྒྱུར་གྲ་སྒྲིག་གནང་བཞིན་པ་སོགས་གནད་དོན་འདྲ་མིན་ཐོག་ངོ་སྤྲོད་གསུངས་བཤད་གནང་ཡོད་པ་དང་། དེ་ནས་ཆོས་ཚོགས་ཁག་གི་དབུ་འཛིན་དང་འབྲེལ་ཡོད་ནས་ཆོས་ཚོགས་ཀྱི་སྐོར་ངོ་སྤྲོད་དང་། ཐུན་མོང་གིས་རྒྱལ་བའི་ཡང་སྲིད་དང་འབྲེལ་བའི་ཐད་༧གོང་ས་མཆོག་གིས་བཀའ་གང་གནང་བར་ཤར་བསྐྱོད་དང་རྒྱབ་སྐྱོར་གནང་རྒྱུ་ཡིན་པ་སོགས་གསུངས་སོང་།

Sikyong in Canada (1).jpeg
གཞན་ཚེས་༧ཉིན་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་གངས་ལྗོངས་ཆོས་ལྡན་གླིང་གི་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་དགེ་ལས་སློབ་ཕྲུག་རྣམས་ལ་མཇལ་འཕྲད་དང་གཏམ་བཤད་གནང་སྐབས། སྲིད་སྐྱོང་མཆོག་གིས་བོད་ཀྱི་སྐད་ཡིག་གི་འཕེལ་རིམ་དང་དེའི་གལ་གནད་ངོ་སྤྲོད་གནང་བར། བོད་ཀྱི་སྐད་ཡིག་ནི་འཛམ་གླིང་ནང་གི་སྐད་ཡིག་རྙིང་ཤོས་བཅོ་ལྔའི་ནང་དུ་ཚུད་ཀྱི་ཡོད་པའི་སྐོར་དང་། བོད་པའི་རིག་གཞུང་ཕྱུག་པོ་ཡོད་པའི་གལ་གནད་སོགས་འགྲེལ་བརྗོད་གནང་བ་དངང་མཉམ། ཤ་ཁྲག་རུས་གསུམ་བོད་པ་ཡིན་དུས་བོད་པའི་སྐད་ཡིག་དང་རིག་གཞུང་བདག་གཉེར་གནང་རྒྱུ་གལ་ཆེན་པོ་ཡིན་པ་དང་། དེ་ལ་ཡང་དགེ་རྒན་ཙམ་མིན་པར་ཕ་མ་རྣམ་པས་ངེས་པར་དུ་འགན་འཁུར་དགོས་པ། བོད་ཕྲུག་ཚོས་སློབ་སྦྱོང་ཡག་པོ་གནང་དགོས་པ་དང་ལྷན་དུ་མི་བཟང་པོ་ཞིག་བྱེད་རྒྱུ་གལ་ཆེ་བ་སོགས་གཏམ་བཤད་གནང་རྗེས་འབྲེལ་ཡོད་དགེ་རྒན་དང་ཕ་མའི་ཚོགས་ཆུང་བཅས་ནས་བོད་ཕྲུག་ཚོར་ཤེས་ཡོན་སླད་སྐུ་ལས་སྐྱོན་བཞིན་པར་ཐུགས་རྗེ་ཆེ་ཞུས་གནང་སོང་།
གཞན་སྲིད་སྐྱོང་མཆོག་གིས་གཞོན་སྐྱེས་རྣམས་དང་ལྷན་དུ་མཇལ་འཕྲད་གནང་བ་དང་མཉམ་། མཐོ་སྒང་བོད་ཀྱི་ས་གཞི་ཆགས་དབྱིབས་དང་དེའི་ས་ཁྱོན། བོད་ཀྱི་ཁོར་ཡུག་གི་གལ་ཆེན་རང་བཞིན་སོགས་ངོ་སྤྲོད་གཏམ་བཤད་གནང་ཡོད་པ་རེད།


གསར་འགོད་པ། ཨྱོན།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་རྒྱའི་རྩོད་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་འཆར་ལ་སྤྱི་མོས་རྒྱབ་སྐྱོར་ཐོབ་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རིའི་སྲིད་འཛིན་ཕོ་བྲང་དཀར་པོའི་ངོས་ནས་ས་ག་ཟླ་བའི་དུས་ཆེན་སྲུང་བརྩི་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎