ཨོ་གླིང་དུ་སྲིད་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་གཏམ་བཤད་ཀྱི་ལས་རིམ་ལ་རྒྱ་ནག་གཞུང་གིས་དགག་པ་བརྒྱབ་འདུག

2023.06.05
ཨོ་གླིང་དུ་སྲིད་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་གཏམ་བཤད་ཀྱི་ལས་རིམ་ལ་རྒྱ་ནག་གཞུང་གིས་དགག་པ་བརྒྱབ་འདུག ཨོ་གླིང་རྒྱལ་ཡོངས་གསར་འགོད་མཐུན་ཚོགས་(National Press Club of Australia) ཀྱིས་གདན་ཞུ་ལྟར། འདི་ཚེས་༢༠ ཉིན་སྲིད་སྐྱོང་མཆོག་གིས། རྒྱ་བོད་གཉིས་ཀྱི་དཀའ་རྙོག་སེལ་ཐབས་དང་འབྲེལ་བའི་བརྗོད་གཞིའི་ཐོག་གཏམ་བཤད་གནང་རྒྱུའི་ལས་རིམ་གོ་སྒྲིག་ཞུས་འདུག་
Screenshot

རིང་མིན་སྤྱི་ཟླ་༦ པའི་ཚེས་༡༧ ཉིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཨོ་སི་ཀྲི་ལི་ཡ་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་འཁེལ་ཡོད་པ་དང་། ཨོ་གླིང་རྒྱལ་ཡོངས་གསར་འགོད་མཐུན་ཚོགས་(National Press Club of Australia)ཀྱིས་གདན་ཞུ་ལྟར། འདི་ཚེས་༢༠ཉིན་སྲིད་སྐྱོང་མཆོག་གིས། རྒྱ་བོད་གཉིས་ཀྱི་དཀའ་རྙོག་སེལ་ཐབས་དང་འབྲེལ་བའི་བརྗོད་གཞིའི་ཐོག་གཏམ་བཤད་གནང་རྒྱུའི་ལས་རིམ་གོ་སྒྲིག་ཞུས་འདུག་ཀྱང་། ཁུལ་དེར་ཆགས་པའི་རྒྱ་ནག་གཞུང་ཚབ་ཁང་གིས། ཨོ་གླིང་རྒྱལ་ཡོངས་གསར་འགོད་མཐུན་ཚོགས་ཀྱིས་ཁ་བྲལ་གྱི་ལས་འགུལ་སྤེལ་རྒྱུའི་་སྡིངས་ཆ་སྤྲད་པ་དེ་ཕྱིར་འཐེན་བྱེད་དགོས་པའི་དགག་པ་བརྒྱབ་འདུག

འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱིས། ཨོ་གླིང་བོད་ཀྱི་སྐུ་ཚབ་དོན་གཅོད་ཀརྨ་སེང་གེ་ལགས་སུ་གནས་དོན་དེ་དང་འབྲེལ་བའི་སྐོར་བཅར་འདྲི་ཞུས་པར། སྤྱི་ཟླ་དྲུག་པའི་ནང་དུ་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནེའུ་རྫི་ལན་ཌ་དང་ཨོ་གླིང་བཅས་ནང་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་འཁེལ་ཡོད་པ་དང་། ལྷག་དོན་དུ་རྒྱ་ནག་གཞུང་གིས་གནོན་ཤུགས་ཡོད་མེད་ལ་མ་བལྟོས་པར་ཨོ་གླིང་རྒྱལ་ཡོངས་གསར་འགོད་མཐུན་ཚོགས་ཀྱིས་གོ་སྒྲིག་ཞུས་པའི་སྲིད་སྐྱིང་མཆོག་གི་གཏམ་བཤད་ཕྱིར་འཐེན་གནང་རྒྱུ་མིན་པ་འགྲེལ་བརྗོད་གནང་བྱུང་། 

དེ་ཡང་ཁུལ་དེར་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གིས། ཨོ་གླིང་རྒྱལ་ཡོངས་གསར་འགོད་མཐུན་ཚོགས་ཀྱི་གཙོ་འཛིན་སྐུ་ཞབས་Maurice Reillyལགས་དང་ཐུགས་འཕྲད་ཀྱིས། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་གཏམ་བཤད་ལས་རིམ་ཕྱིར་བསྡུ་གནང་དགོས་པ་གསུངས་འདུག་པ་མ་ཟད། ཨོ་སི་ཀྲི་ལི་ཡ་ཡིས་རྒྱ་ནག་གཞུང་གི་ལངས་ཕྱོགས་ལ་སྣང་ཆུང་བྱས་ཏེ། སྲིད་སྐྱོང་སྤེན་པ་ཚེ་རིང་ལ་འདི་ལྟ་བུའི་སྡིངས་ཆ་སྤྲད་དེ་ཁ་བྲལ་གྱི་ལས་འགུལ་སྤེལ་བཅུག་པར་མཐའ་གཅིག་ཏུ་ངོ་རྒོལ་ཡོད་པ་བརྗོད་པའི་སྐོར་The Sydney Morning Herald ཞེས་པའི་གསར་ཁང་གིས་འདི་ཚེས་༥ ཉིན་གནས་ཚུལ་སྤེལ་འདུག

ཨོ་གླིང་བོད་དོན་ལས་འགུལ་ཁང་གི་ཚོགས་གཙོ་Zoe Betfordལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན།  ཨོ་སི་ཀྲི་ལི་ཡ་ནི་རང་དབང་ལ་དགའ་ཞིང་མང་གཙོའི་རྒྱལ་ཁབ་ཤིག་ཡིན་པས། རྒྱ་ནག་གཞུང་གིས། རྒྱ་ནག་རྒྱལ་ནང་དུ་གསར་འགོད་ཀྱི་རང་དབང་བཀག་པ་ནང་བཞིན། ཨོ་གླིང་ནང་དུ་དེ་འདྲ་བྱེད་རྒྱུའི་ཐོབ་ཐང་དང་དབང་ཆ་མེད་ལ། དམིགས་བསལ་ཨོ་གླིང་རྒྱལ་ཡོངས་གསར་འགོད་མཐུན་ཚོགས་ནི་ཡང་དག་པའི་མང་གཙོའི་ལམ་ལུགས་དང་དེའི་ལྟ་གྲུབ་གཙོ་བོ་འཛིན་མཁན་གྲས་ཤིག་ཡིན་ཞེས་འགྲེལ་བརྗོད་གནང་བྱུང་།

ཨོ་གླིང་རྒྱལ་ཡོངས་གསར་འགོད་མཐུན་ཚོགས་ཀྱི་དྲ་ཚོགས་སྟེང་། སྲིད་སྐྱོང་གི་མཛད་འཆར་དང་འབྲེལ་བའི་གནས་ཚུལ་སྤེལ་བའི་ནང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ནི། ༸གོང་ས་ཏཱ་ལའི་བླ་མ་མཆོག་གི་ཐུགས་དགོངས་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་འབེབས་གནང་བའི་དབུ་མའི་ལམ་གྱི་སྲིད་བྱུས་བརྒྱུད་བོད་རྒྱ་ཞི་འགྲིག་ཡོང་ཐབས་གནང་གི་ཡོད་པ་གསལ་སྟོན་བྱས་འདུག་པ་དང་། ད་སྐབས་རྒྱ་ནག་གཞུང་གིས་བོད་དེ་མི་སེར་སྤེལ་ཡུལ་གྱི་ས་ཁུལ་གཅིག་ཏུ་སྒྱུར་བཞིན་ཡོད་པའི་ཁར། བོད་ནང་ཕྲུ་གུ་བརྒྱ་ཆ་༨༠ཙམ་རང་ཉིད་ཀྱི་ཕ་མ་དང་ཁ་བྲལ་བཏང་སྟེ། རྒྱ་ནག་གིས་བཙུགས་པའི་བཅའ་སྡོད་སློབ་གྲྭ་ཁག་ནང་གཏོང་གི་ཡོད་པར་སྐྱོན་བརྗོད་བྱས་འདུག  

ཡང་ཨོ་གླིང་བོད་དོན་ལས་འགུལ་ཁང་གི་ཚོགས་གཙོ་Zoe Betford ལགས་ཀྱིས།  ཨོ་གླིང་བཅའ་སྡོད་རྒྱ་ནག་གཞུང་ཚབ་ཁང་གིས། ཨོ་གླིང་རྒྱལ་ཡོངས་གསར་འགོད་མཐུན་ཚོགས་ཀྱི་ལྟ་གྲུབ་དང་ངོ་བོ། དེ་བཞིན་མང་གཙོ་དང་འབྲེལ་བའི་ལངས་ཕྱོགས་བཅས་ཀྱི་ཐོག་རྒྱུད་ལོན་མེད་པ་གསུངས་ཤིང་།  སྲིད་སྐྱོང་གི་གཏམ་བཤད་ལས་རིམ་དེ་བཞིན་ང་ཚོའི་རེ་བ་ལྟར་འགྲོ་ངེས་ཡིན་ཞེས་འགྲེལ་བརྗོད་གནང་བྱུང་།

ད་དུང་རྒྱ་ནག་གཞུང་གིས། བོད་ནང་གི་བོད་མི་ཚོའི་རང་དབང་དང་ངོ་བོ་རྩ་མེད་བཟོ་ཐབས་བྱེད་མུས་ཡིན་པ་མ་ཟད། ལས་འགུལ་དང་དྲིལ་བསྒྲགས་སྣ་ཚོགས་ཤིག་སྤེལ་ནས་རྒྱལ་སྤྱིའི་སྟེང་བོད་དོན་ནུས་མེད་བཟོ་ཆེད་འབད་རྩོད་བྱེད་མུས་ཡིན་པ་ཨོ་གླིང་རྒྱལ་ཡོངས་གསར་འགོད་མཐུན་ཚོགས་ཀྱི་དྲ་ཚིགས་སྟེང་བཀོད་སྤེལ་བྱས་འདུག

གཞན་ཡང་ཨོ་གླིང་སྐུ་ཚབ་དོན་གཅོད་ཀརྨ་སེང་གེ་ལགས་ཀྱིས་ངོ་སྤྲོད་གནང་བར་གཞིགས་ན། ཐོག་མར་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ནེའུ་ཛི་ལེན་ཌ་ནང་གཞུང་འབྲེལ་ཕྱོགས་ཕེབས་རྗེས། སྤྱི་ཟླ་༦ པའི་ཚེས་༡༧ ནས་༢༤ བར་ཨོ་སི་ཀྲི་ལི་ཡ་རུ་གཞུང་འབྲེལ་ཕྱོགས་ཕེབས་གནང་རྒྱུ་ཡིན་པའི་ཁྲོད། དང་ཐོག་Sydney ནང་ཕྱོགས་ཕེབས་ཀྱིས། ཁུལ་དེར་མང་ཚོགས་ལ་གཏམ་བཤད་དང་གྲོས་ཚོགས་འཐུས་མི་དང་། གནད་ཡོད་མི་སྣ་སོགས་དང་མཇལ་འཕྲད་གནང་རྒྱུ་ཡིན་འདུག 

གསར་འགོད་པ། བློ་བཟང་དགེ་ལེགས།  
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།  བསྟན་འཛིན་འཕགས་སྒྲོན།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༧རྗེ་གུང་ཐང་སྐུ་ཕྲེང་བདུན་པ་མཆོག་གིས་མདོ་ལྷོའི་མཛོད་དགེ་རྩྭ་ཐང་དུ་དུས་འཁོར་དབང་ཆེན་ཐེངས་དང་པོ་གནང་བཞིན་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
གྲོས་ཚོགས་འགོ་བཙུགས་པ་དང་བསྟུན་རྡ་རམ་ས་ལར་མི་མང་རེ་འབོད་ཚོགས་པས་མི་མང་རང་བཞིན་གྱི་ཞུ་འབོད་ལས་འགུལ་སྤེལ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎