སྲིད་སྐྱོང་མཆོག་གིས་ཨ་རིའི་མངའ་སྡེ་ཁག་ཅིག་ནང་གཞུང་དོན་འཚམས་གཟིགས་གནང་འདུག
དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཉེ་ལམ་ནས་ཨ་རིའི་མངའ་སྡེ་ཁག་ནང་གི་བོད་མི་གནས་སྡོད་བྱེད་ཡུལ་ཁག་ལ་གཞུང་དོན་འཚམས་གཟིགས་གནང་ཡོད་པ་དང་མི་མང་ལ་མཇལ་འཕྲད་གནང་བཞིན་པ་ལྟར། ཕྱི་ཟླ་ ༡༢ ཚེས་ ༢༡ ཉིན་ཁེ་ལི་ཧྥོར་ནི་ཡ་ (California) མངའ་སྡེའི་སན་ཧྥརེན་སིསི་ཀོ (San Francisco) གྲོང་ཁྱེར་དུ་ཆེད་ཕེབས་གནང་སྐབས། སན་ཧྥརེན་སིསི་ཀོར་བྱང་ཀེལ་བོད་རིགས་སྤྱི་མཐུན་ཚོགས་པ་དང་། ས་གནས་བོད་མི་མང་ཚོགས་ཀྱིས་ཕེབས་བསུའི་སྣེ་ལེན་ཞུས་གནང་པ་དང་། སན་ཧྥརེན་སིསི་ཀོ་ས་གནས་བོད་མི་མང་ཚོགས་ལ་བོད་དོན་གསུང་བཤད་དང་། ས་གནས་ཀྱི་སྦརཀི་ལི་ (Berkeley) མཐོ་རིམ་སློབ་གྲྭར་བོད་མི་འདུ་འཛོམས་ཐོག་ཡུན་རིང་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་དང་། བོད་དོན་གནད་བསྡུས་ (Tibet Brief 20/20) ཞེས་པའི་དཔེ་དེབ་བརྩམས་ནས་བོད་དེ་ལོ་རྒྱུས་ཀྱི་ཐོག་ནས་རང་བཙན་རྒྱལ་ཁབ་ཡིན་པ་སྒྲུབ་མཁན་རྩོམ་པ་པོ་དང་རྒྱལ་སྤྱིའི་ཁྲིམས་ལུགས་སློབ་དཔོན་སྐུ་ཞབས་མེཡེཀལ་ ཝན་ལྦལཊི་ པཱ་རག (Michael Van Walt) ལགས་ལ་ཆེ་བསྟོད་དང་། ཁོང་གིས་ད་བར་བོད་དོན་ལ་རྒྱབ་སྐྱོར་དང་བོད་མིའི་འཐབ་རྩོད་ཀྱི་ནུས་པ་གོང་མཐོར་གཏོང་བ་སོགས་ལ་ཐུགས་རྗེ་ཆེ་ཞུས་པ་དང་། ས་གནས་མང་ཚོགས་ལ་བོད་དོན་གཏམ་བཤད་དང་མང་ཚོགས་ཀྱི་དྲི་བར་ལན་འདེབས་སོགས་གནང་འདུག
ཕྱི་ཟླ་ ༡༢ ཚེས་ ༢༢ ཉིན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་སན་ཧྥརེན་སིསི་ཀོ་གཟའ་མཇུག་སློབ་གྲྭར་ཆེད་ཕེབས་ཀྱིས་སློབ་ཕྲུག་ཚོ་དང་ཐུག་འཕྲད་གནང་རྗེས། བོད་མི་གཞོན་སྐྱེས་རྣམས་དང་ཐུག་འཕྲད་ཀྱིས་གསུང་བཤད་གནང་ཡོད་པ་མ་ཟད། གཞོན་སྐྱེས་ཁག་ཅིག་གི་དྲི་བར་ལན་འདེབས་གནང་ཡོད།
དེའི་སྔོན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཨ་རིའི་མངའ་སྡེ་ནིའུ་མེཀ་སི་ཁོའི་གྲོང་ཁྱེར་སེན་ཊ་ཕེ་དང་། ཡུ་ཊ་མངའ་སྡེའི་གྲོང་ཁྱེར་སོལཊ་ལེཀ་སི་ཊི། ཨོ་རི་གོན་མངའ་སྡེའི་གྲོང་ཁྱེར་པོཊ་ལེནྜ་བཅས་སུ་ཕེབས་ཏེ་ཁུལ་དེ་དག་གི་གཞོན་སྐྱེས་དང་། བོད་མིའི་མཐུན་ཚོགས་བཅས་དང་ལྷན་འཛོམ་གསུང་བཤད་གནང་འདུག

ཕྱི་ཟླ་ ༡༢ ཚེས་ ༡༧ ཉིན་སྲིད་སྐྱོང་མཆོག་ནིའུ་མེཀ་སི་ཁོའི་གྲོང་ཁྱེར་སེན་ཊ་ཕེ་རུ་ཕེབས་ནས་ས་གནས་བོད་མི་རྣམས་ལ་དབུ་མའི་ལམ་གྱི་སྲིད་བྱུས་དང་། རང་བཙན་འཐབ་རྩོད་པ་རྣམས་ཀྱི་ལྟ་བ་ལངས་ཕྱོགས་བཅས་ཀྱི་སྐོར་གསུང་བཤད་གནང་ཡོད་ཅིང་། སྐབས་དེར་སྲིད་སྐྱོང་མཆོག་གིས་བོད་མི་ནང་ཁུལ་དུ་རྩོད་པ་བྱེད་པ་ལས་གྲུབ་འབྲས་བཟང་པོ་ཞིག་ཐོན་རྒྱུ་མེད་པས་ཚང་མས་མཉམ་རུབ་ཐོག་བོད་དོན་ཐོག་འབད་བརྩོན་གནང་རྒྱུ་གལ་ཆེ་ཡིན་ཞེས་གསུངས་འདུག

ཡང་ཕྱི་ཟླ་ ༡༢ ཚེས་ ༡༨ ཉིན་སྲིད་སྐྱོང་མཆོག་ཡུ་ཊ་མངའ་སྡེའི་གྲོང་ཁྱེར་སོལཊ་ལེཀ་སི་ཊི་རུ་ཕེབས་སྐབས་བོད་མི་གཞོན་སྐྱེས་དང་། ས་གནས་མི་མང་རྣམས་ལ་གསུང་བཤད་གནང་ཡོད་ཅིང་། སྲིད་སྐྱོང་མཆོག་གིས་གཞོན་སྐྱེས་ཚོར་ཞུ་གཏུག་ཉིན་མོ་ཞེས་པའི་ལས་འགུལ་དེར་མཉམ་ཞུགས་གནང་དགོས་པའི་འབོད་སྐུལ་གནང་པ་དང་སྦྲགས། བོད་ཀྱི་གནད་བསྡུས་ ༢༠།༢༠ དང་། སློབ་དཔོན་ལའོ་ཡི་དཔེ་དེབ་བཅས་ངོ་སྤྲོད་གནང་འདུག
ཕྱི་ཟླ་ ༡༢ ཚེས་ ༡༩ ཉིན་སྲིད་སྐྱོང་མཆོག་པོརཊ་ལེནྜ་ལ་ཕེབས་ནས་བོད་མི་རྣམས་ལ་གསུང་བཤད་གནང་བ་དང་། གཟའ་མཇུག་སློབ་གྲྭར་གཟིགས་སྐོར་གནང་བ་སོགས་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་འདུག
གསར་འགོད་པ། རྡོ་རྗེ་མཚོ།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།